རྒྱ་ནག་གིས་ས་མཚམས་བཀག་རྐྱེན་གངས་རིན་པོ་ཆེར་མཇལ་དཀའ་བ།
2015.06.02
རྒྱ་ནག་གིས་ས་མཚམས་བཀག་པར་བརྟེན་རྒྱ་གར་བ་ཚོ་གངས་རིན་པོ་ཆེ་དང་མཚོ་མ་ཕམ་གཡུ་མཚོ་ལ་བསྐྱོད་རྒྱུར་དཀའ་ངལ་འཕྲད་བཞིན་པ་རེད།
དེ་ཡང་བལ་ཡུལ་བརྒྱུད་སྟོད་གངས་རིན་པོ་ཆེ་དང་། མཚོ་མ་ཕམ་གཡུ་མཚོ་གཉིས་ལ་གནས་མཇལ་བསྐྱོད་མཁན་ཚོར་རྒྱ་ནག་གཞུང་ནས་བོད་ཀྱི་ས་མཚམས་བཀག་ནས་འགྲུལ་བཞུད་བྱེད་འཇུག་གི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། དེ་ནི་ལོ་ལྟར་ཕྱི་ཟླ་ལྔ་པ་ནས་བདུན་པ་བར་། བལ་ཡུལ་གྱི་ས་མཚམས་བརྒྱུད་རྒྱ་གར་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཕྲག་མང་པོ་བོད་ཀྱི་སྟོད་གངས་རིན་པོ་ཆེ་དང་། མཚོ་མ་ཕམ་གཡུ་མཚོ་གཉིས་སུ་བསྐྱོད་ཀྱི་ཡོད་ཀྱང་། ལོ་འདིར་གནས་མཇལ་དང་ཡུལ་སྐོར་སྤྲོ་འཆམ་འགྲོ་མཁན་མི་གྲངས་༢༥༠༠༠ ཙམ་ཡོད་པ་དེ་དག་ལ་རྒྱ་ནག་གཞུང་ནས་བལ་བོད་ས་མཚམས་འགྲམ་མམ་ཏ་ཏོ་པ་ནི་ཞེས་པའི་ས་མཚམས་བརྒྱུད་གཏོང་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ནི་ཉེ་ཆར་ས་ཡོམ་གྱི་གོད་ཆག་ཚབས་ཆེ་ཕོག་ཡོད་སྟབས། ལམ་ཁར་ས་རུད་རྒྱབ་ཏེ་འགྲུལ་ཞུད་ལ་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་ལུགས་འགྲེལ་བཤད་རྒྱབ་ཀྱི་ཡོད་འདུག འོན་ཀྱང་བལ་ཡུལ་ནང་ཡུལ་སྐོར་སྤྲོ་འཆམ་ལ་བསྐྱོད་མཁན་ཚོར་གོ་བསྒྲིགས་བྱེད་མཁན་ལས་ཁུངས་ཀྱི་འབྲེལ་ཡོད་སྤྱི་ཁྱབ་Prakash Shresthaད་བར་སུ་གང་འགྲོ་ཐུབ་ཀྱི་མེད་ལུགས་བཤད་མཁན་མི་འདུག་ལ་ཏ་ཏོ་པ་ནི་མ་ཡིན་པའི་ས་གནས་Hilsaཞེས་Humlaརྫོང་ཁོངས་ཁུལ་ནས་འགྲུལ་བཞུད་བྱེད་རྒྱུའི་གྲྭ་སྒྲིག་བྱས་ཀྱང་འགྲིགས་ཀྱི་ཡོད་རེད། གང་ལྟར་ས་ཡོམ་གྱི་གོད་ཆག་འོག་དཔལ་འབྱོར་གནས་སྟངས་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པ་དེ་དག་ཡུལ་སྐོར་སྤྲོ་འཆམ་གྱི་ཡོང་བབས་ནས་གུན་གསབ་བྱེད་ཐུབ་པའི་ཁེ་ཕན་ཡོད་རེད། ཕྱོགས་གཞན་ཞིག་ནས་དེས་མི་མང་འབུམ་གཅིག་ཙམ་གྱི་འཚོ་བའི་རྟེན་གཞིར་ཡང་ཕན་ཐོགས་ཡོང་རྒྱུ་སོགས་གང་ལྟར་སྟོད་གངས་རིན་པོ་ཆེ་ཁུལ་དུ་གནས་མཇལ་དང་། ཡུལ་སྐོར་སྤྲོ་འཆམ་འགྲོ་མཁན་ཚོའི་ཐོག་ནས་ཡོང་བབས་ཆེན་པོ་ཡོད་པའི་འགྲེལ་བརྗོད་གནང་ནས་གཞུང་ཕྱོགས་ནས་ཀྱང་དེར་གཞིགས་ནས་རྒྱ་ནག་གི་མཉམ་ཚད་མཐོའི་ཐོག་ནས་གནད་དོན་འདིའི་ཐོག་གྲོས་མོལ་བསྐྱར་དུ་གནང་ནས་ལག་ལེན་འཁེལ་ཐབས་བྱེད་དགོས་ངེས་ཞིག་ཡིན་ལུགས་འགྲེལ་བརྗོད་བྱས་འདུག ད་དུང་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཁག་གིས་བལ་ཡུལ་གཞུང་ལ་མ་མཐའ་ཡང་། ཐད་འཕུར་གནམ་གྲུ་དང་ཡང་ན། བལ་ཡུལ་གྱི་ནུབ་ཕྱོགས་ནེ་པལ་རྒན་རྗེ་ སེར་གར་རྡི་ས་མཚམས་བརྒྱུད་གངས་རིན་པོ་ཆེ་ལ་གནས་འཇལ་དང་ཡུལ་སྐོར་འགྲོ་རྒྱུ་འགོ་བཙུགས་བྱེད་དགོས་པའི་རེ་སྐུལ་བྱས་འདུག
དེ་དང་ཕྱོགས་མཚུངས་བལ་ཡུལ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ནས་ཀྱང་རྒྱ་ནག་གཞུང་ལ་གནད་དོན་འདིའི་ཐོག་བཀའ་མོལ་གནང་རྒྱུ་ཡིན་ལུགས་གསུངས་འདུག སྤྱིར་བཏང་སྟོད་གངས་རིན་པོ་ཆེ་དང་། མཚོ་མ་ཕམ་གཡུ་མཚོ་གཉིས་ནི་རྒྱ་གར་གྱི་ཧིན་རྡུའི་ཆོས་བྱེད་པ་ཚོས་ཀྱང་ཧ་ཅང་རྩ་ཆེའི་གནས་ས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ཞིག་རེད། གངས་རིན་པོ་ཆེ་ནི། གངས་ཏེ་སེའི་རི་རྒྱུད་ཀྱི་རྩེ་གཙོ་བོ་དེ་ཡིན་ཞིང་། བོད་ཀྱི་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་ཡོད། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་༦༦༥༦ཡོད། ཧིན་རྡུའི་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོས་གངས་རིན་པོི་ཆེ་ནི། ལྷ་དབང་ཕྱུག་ཆེན་པོའི་གནས་རི་ཡིན་པར་ངོས་འཛིན་གི་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན་དང་དཔལ་ལྡན་རྒྱལ།