གདན་ས་ཁག་གི་ནང་ཚན་རིག་སློབ་གཉེར་ཡར་རྒྱས་སུ་ཕྱིན་པ་འདིས་ནང་དོན་རིག་པའི་སློབ་སྦྱོང་ལ་འགལ་རྐྱེན་དུ་མི་འགྲོ་བར་གཟིགས་དགོས་པ་གལ་ཆེན་རེད་ཅེས། ༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་པ།

2025.04.15
གདན་ས་ཁག་གི་ནང་ཚན་རིག་སློབ་གཉེར་ཡར་རྒྱས་སུ་ཕྱིན་པ་འདིས་ནང་དོན་རིག་པའི་སློབ་སྦྱོང་ལ་འགལ་རྐྱེན་དུ་མི་འགྲོ་བར་གཟིགས་དགོས་པ་གལ་ཆེན་རེད་ཅེས། ༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་པ། བོད་ཀྱི་དཔེ་མཛོད་ཁང་གི་གྲྭ་བཙུན་གྱི་ཚན་རིག་ཟབ་སྦྱོང་བཙུགས་ནས་ལོ་༢༥འཁོར་བའི་དུས་སྟོན་སྐབས། ༢༠༢༥།༠༤།༡༥ ཉིན།
RFA/ Tenzin Dhonyoe

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བརྩི་དང་ལེན་གྱིས། ཨ་མི་རི་ཀའི་འབྱོར་ལྡན་པ་བྷོ་སྦི་སའེ་གྷར་ (Bobby Sager) ལགས་ཀྱི་ཁྱིམ་ཚང་གིས་འདས་པའི་ལོ་ངོ་ ༢༥ རིང་གཏོང་ཕོད་ཆེན་པོའི་སྒོ་ནས་སྦྱིན་བདག་གནང་སྟེ། བོད་ཀྱི་དཔེ་མཛོད་ཁང་དང་ལྷན་མཉམ་རུབ་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་དགེ་འདུན་པ་དང་བཙུན་མ་དོན་གཉེར་ཅན་རྣམ་པར།ཚན་རིག་ཟབ་སྦྱོང་གི་ལས་གཞི་རྒྱུན་མཐུད་སྤེལ་ཏེ་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བའི་དུས་སྟོན་ཞིག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟླ་ ༤ པའི་ཚེས་ ༡༥ ཉིན་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་གནང་སྟེ་འཚོགས་སོང་བར། སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་“ད་ལྟའི་དུས་སྐབས་འདིར། དེང་རབས་ཀྱི་ཚན་རིག་ལ་མ་བརྟེན་པར་ནང་དོན་རིག་པ་ཁོ་ནས་ཤེས་བྱའི་གནས་ཚུལ་ཡོངས་སུ་རྫོགས་པ་ཞིག་ཐག་གཅོད་ཐུབ་ཁག་པོ་ཡིན་པ་གསལ་པོ་ཡིན་པས། གདན་ས་ཁག་གི་ནང་ཚན་རིག་སློབ་གཉེར་ཡར་རྒྱས་སུ་ཕྱིན་པ་འདིས། ནང་དོན་རིག་པའི་སློབ་སྦྱོང་ལ་འགལ་རྐྱེན་དུ་མི་འགྲོ་བར་གཟིགས་དགོས་པ་གལ་ཆེན་རེད་”ཅེས་གསལ་སྟོན་གནང་གི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ། གདན་ས་ཁག་གི་མཁན་པོ་ལས་ཟུར་དང་ཚན་རིག་སློབ་གཉེར་བ་སོགས་གནད་ཡོད་མི་སྣ་མང་དག་ཅིག་ཆེད་ཕེབས་གནང་ཡོད་པའི་སར། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས། དཔེ་མཛོད་ཁང་གིས་ད་ལྟའི་བར་དགེ་འདུན་པ་དང་བཙུན་མ་ ༩༩༠ ཙམ་ལ་ཚན་རིག་ཟབ་སྦྱོང་ཕུལ་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གྱི་ཆ་ཤས་ཤིག་སྒྲུབ་ཐུབ་ཡོད་པ་དང་མཚུངས། རྒྱ་བལ་འབྲུག་གསུམ་གྱི་ནང་ཚན་རིག་ཟབ་སྦྱོང་དང་ངོ་སྤྲོད་རིམ་པར་གནང་ཐུབ་ཡོད་པ་སོགས་གསལ་སྟོན་གནང་གི་འདུག

2.jpg
བོད་ཀྱི་དཔེ་མཛོད་ཁང་གི་གྲྭ་བཙུན་གྱི་ཚན་རིག་ཟབ་སྦྱོང་བཙུགས་ནས་ལོ་༢༥འཁོར་བའི་དུས་སྟོན་སྐབས། ༢༠༢༥།༠༤།༡༥ ཉིན།

དགེ་འདུན་པ་དང་བཙུན་མ་ཚོར་དམིགས་པའི་ཚན་རིག་ཟབ་སྦྱོང་འདིར་སྔ་ཕྱི་བར་གསུམ་དུ་ལྷོད་མེད་དཔལ་འབྱོར་གྱིས་སྦྱིན་བདག་རྒྱབ་སྐྱོར་གནང་མཁན། ཨ་མི་རི་ཀའི་འབྱོར་ལྡན་པ་བྷོ་སྦི་སའེ་གྷར་  (Bobby Sager) ལགས་ནས་ཀྱང་། ལོ་ངོ་ ༢༥ འདི་དགའ་སྟོན་བྱ་དགོས་པའི་ལོ་རྒྱུས་ཀྱི་དུས་ཚིགས་ཧ་ཅང་གལ་ཆེན་ཞིག་ཡིན་དོན་ནི། སྤྱི་ལོའི་དུས་རབས་ ༡༥ ནས་བཟུང་ད་བར་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ནང་། ནུབ་ཕྱོགས་དང་དེང་རབས་ཀྱི་ཚན་རིག་གི་རྣམ་གཞག་དགོན་སྡེ་ཁག་གི་བསླབ་གཞིའི་ནང་བཅུག་པ་ཐོག་མ་དེ་ཆགས་ཡོད་པས། ང་ཚོས་ས་བོན་བཏབ་སྟེ་འབད་བརྩོན་གྱིས་དུས་ཡུན་གང་འཚམ་རིང་འབྲས་བུ་སྨིན་པ་བཞིན། འབྱུང་འགྱུར་ཡང་འབད་བརྩོན་གང་དྲག་བསྟེན་གལ་ཆེ་བ་གསལ་སྟོན་གནང་སོང་ལ། ཡང་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་དང་སྲོག་གིས་མཚོན་ཚན་རིག་པ་དང་ལྷན་བགྲོ་གླེང་གནང་སྟེ། ནང་ཆོས་ཀྱི་ཐོག་དོ་སྣང་དམིགས་བསལ་ཅིག་རང་བཞིན་ཤུགས་ཀྱིས་ཡོང་གི་ཡོད་པར་བརྟེན། དམིགས་བསལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འདིར་བཀའ་དྲིན་རྗེས་དྲན་ཞུ་དགོས་གལ་ཆེན་པོ་རེད་ཅེས་གསལ་སྟོན་གནང་སོང་།

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་དེ་སྔ་ཕྱི་ལོ་ ༡༩༩༩ ནས་ཚན་རིག་ཟབ་སྦྱོང་དུ་ད་ལྟའི་བར་ཆག་མེད་ཉམས་ཞུགས་གནང་མཁན་གྲས། སེར་བྱེས་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་ཆོས་གྲགས་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་ནང་ཆོས་སློབ་སྦྱོང་བྱེད་སའི་ནང་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། ཚན་རིག་སློབ་གཉེར་དང་ལྟེ་གནས་ཁང་མང་པོ་བརྒྱབ་པ་སོགས་ནི་གྲུབ་འབྲས་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་དཔེ་མཛོད་ཁང་གིས་གྲྭ་བཙུན་ཚོར་ཚན་རིག་ཟབ་སྦྱོང་ཚུགས་ནས་ལོ་ངོ་ ༢༥ འཁོར་བའི་དུས་སྟོན་དང་བསྟུན། ཉིན་དྲུག་རིང་ཚན་རིག་དང་ནང་ཆོས་ཀྱི་བརྗོད་གཞི་དང་འབྲེལ་ཏེ་མཁས་པའི་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་གནང་ཡོད་པར། ཀླད་པ་དང་རྡུལ་ཕྲ་རབ་ཀྱི་རིག་པ། འབྱུང་འགྱུར་གྱི་ས་ཡི་གོ་ལའི་གནས་ཚུལ་སོགས་ཀྱི་ཐོག་ཤར་ནུབ་གཉིས་ཀྱི་མཁས་པའི་བགྲོ་གླེང་གསུང་བཤད་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎