བོད་ནང་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་གྱི་སྐོར།
2011.08.31
༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ངོས་སུ་ཆགས་པའི་ཆུ་ཤུལ་བཙོན་ཁང་ནང་ཡོད་པའི་ཆབ་སྲིད་ཀྱི་བཙོན་པ་བློ་བཟང་བསྟན་འཛིན་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཇེ་ཞན་ཇི་སྡུག་དུ་འགྲོ་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་བཞག། བློ་བཟང་བསྟན་འཛིན་ལགས་ནི་བཙོན་ཁང་ནང་རྒྱུན་རིང་ཤོས་བཞུགས་མཁན་ཆབ་སྲིད་ཀྱི་བཙོན་པ་ཞིག་ཡིན་པ་དང་ ཁོང་ལ་གཅིན་སྙིའི་ནད་ཡོད་པའི་རྐྱེན་གྱིས་མིག་གི་ནུས་པ་ཉམས་ཏེ་མཚམས་རེ་ལོང་བ་ལྟ་བུར་གྱུར་ཏེ་སྐུ་ངལ་ཆེན་པོ་ཡོད་འདུག་།
ཕྱི་ལོ་༡༩༨༨ལོའི་ཕྱི་ཟླ་༣ཚེས་༥ཉིན་བློ་བཟང་བསྟན་འཛིན་ལགས་ཀྱིས་ལྷ་སར་བོད་རང་བཙན་གྱི་སྐད་འབོད་བྱས་པར་བརྟེན་ཁོང་འཛིན་བཟུང་བྱས་ཡོད་པ་དང་ སྐབས་དེ་དུས་ཁོང་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲའི་སློབ་མ་ཞིག་ཡིན་པ་རེད། ཐོག་མར་ཁོང་ལ་སྲོག་ཐོག་ཀྱི་ཁྲིམས་ཐག་བཅད་ཡོད་ཀྱང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་དང་ བོད་དོན་རྒྱབ་སྐྱོར་བ་ཚོའི་གནོན་ཤུགས་ལ་བརྟེན་ཕྱི་ལོ་༡༩༩༡་ལོར་རྒྱ་ནག་གཞུང་གིས་ཉེས་པ་ཆག་ཡང་དུ་བཏང་སྟེ་ སྲོག་ཐོག་གི་ཉེས་ཆད་དེ་ ཚེ་བཙོན་བཟོས་ཡོད་པ་རེད།
བློ་བཟང་བསྟན་འཛིན་ལགས་ཀྱིས་བཙོན་ཁང་ནང་དུའང་རང་དབང་དང་ དྲང་བདེན་གྱི་འཐབ་རྩོད་གནང་ཡོད་པ་དང་ཕྱི་ལོ་༡༩༩༡ལོའི་ཕྱི་ཟླ་༣་ཚེས་༣༡་ཉིན་ཁོང་དང་ ཁོང་གི་ཕྱག་རོགས་བཙོན་པ་བསྟན་པ་དབང་གྲགས་ལགས་ཞུ་བས་ཨ་མི་རི་ཀའི་སྐུ་ཚབ་ཇེམ་སི་ལི་ལི་ལགས་གཟིགས་སྐོར་ཕེབས་པའི་སྐབས་སྙན་ཞུ་ཞིག་འབུལ་རྩིས་གནང་སྐབས་ ཁོང་གཉིས་རྒྱ་ནག་གི་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་ཐོག་ བློ་བཟང་བསྟན་འཛིན་ལགས་ཀོང་པོ་ཁུལ་ཡོད་པའི་པོ་ཀྲ་མོ་བཙོན་ཁང་ནང་བཏང་ཡོད་པ་དང་ དེ་རྗེས་ཁོང་ཆུ་ཤུལ་བཙོན་ཁང་དུ་གནས་སྤོས་བྱས་ཏེ་དལྟའང་བཙོན་ཁང་དེའི་ནང་ཡོད་པ་རེད། ཨ་རིའི་སྐུ་ཚབ་ལ་འབུལ་རྩིས་བྱས་པའི་སྙན་ཞུ་དེའི་ནང་བཙོན་ཁང་ནང་ཆབ་སྲིད་ཀྱི་བཙོན་པ་སུ་དང་སུ་ལ་མནར་གཅོད་གང་འདྲ་བཏང་ཡོད་མེད་ཀྱི་བཙོན་པའི་མིང་གཞུང་དང་བཅས་པའི་ཞིབ་གསལ་ལོ་རྒྱུས་བྲིས་ཡོད་པ་དང་ དེ་བཞིན་བཙོན་ཁང་ནང་ཆབ་སྲིད་ཀྱི་བཙོན་པ་རྣམས་དཀའ་སྡུག་གང་འདྲ་མྱོང་གི་ཡོད་མེད་ཀྱི་གནས་ཚུལ་རྣམས་བཀོད་ནས་ཨ་མི་རི་ཀས་ཁོང་ཚོ་དཀའ་སྡུག་དེ་ནས་ཐར་ཐབས་སུ་རོགས་རམ་གནང་རོགས་གནང་ཞེས་འབོད་སྐུལ་ཞུས་ཡོད་པ་རེད། བློ་བཟང་བསྟན་འཛིན་ལགས་ཀྱིས་བཙོན་ཁང་ནང་ཁྲིམས་མཐུན་སྤྱོད་བཟང་གནང་བར་བརྟེན་ ཕྱི་ལོ་༡༩༩༤ལོར་ཉེས་པ་ཆག་ཡང་བཏང་སྟེ་ ཁོང་གི་ཚེ་བཙོན་གྱི་ཉེས་ཆད་དེ་མི་ལོ་༡༨ལོ་དུས་བཙོན་བཅུག་བཟོས་ཡོད་པ་དང་ལོ་དུས་དེ་བཞིན་ཕྱི་ལོ་༢༠༡༢ལོར་གཙང་གི་ཡོད་པ་རེད། འོན་ཀྱང་ཁོང་གི་སྐུ་གཟུགས་གནས་སྟངས་ནི་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་རེད།