གློ་སྒྲིག་འཛུགས་བྱམས་པ་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི།

2025.04.09
གློ་སྒྲིག་འཛུགས་བྱམས་པ་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི། སྐུ་མགྲོན་རྣམས་ལ་ཆེ་བསྟོད་གཟེངས་རྟགས་གནང་བཞིན་པ།
screengrab

བོད་བསྟན་སྲིད་སླད་གློ་མོན་ཐང་དུ་རྒྱ་ནག་ལ་ཁ་གཏད་ཀྱི་དམག་སྡེར་ཞུགས་མཁན་འཐབ་རྒོལ་བ་རྣམས་ཀྱི་ཆེད་བཙུགས་གློ་སྒྲིག་བྱམས་པ་གླིང་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་འདུག

དེ་ཡང་ཟླ་ ༤ ཚེས་ ༤ རེས་གཟའ་སྤེན་པའི་ཉིན་གློ་སྒྲིག་བྱམས་པ་གླིང་དབུ་བརྙེས་ནས་མི་ལོ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྟེང་། སྐུ་མགྲོན་གཙོ་བོ་སྐྱབས་རྗེ་མ་སྤྲུལ་རིན་པོ་ཆེ་དང་དེ་བཞིན་གནད་ཡོད་མི་སྣ་ཁག་ཆེད་ཕེབས་ཀྱིས། གློ་སྒྲིག་བྱམས་པ་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རབས་རྒན་པ་དང་དམག་ཟུར་རྣམས་མཉམ་ཞུགས་གནང་ཡོད་འདུག་ལ། གློ་སྒྲིག་བྱམས་པ་གླིང་གི་ས་གནས་འགོ་འཛིན་ཀརྨ་བཟོད་པ་ལགས་ནས་གློ་སྒྲིག་བྱམས་པ་གླིང་དབུ་བརྙེས་ནས་མི་ལོ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། ས་གནས་ཀྱི་ལས་བྱེད་འབྲེལ་ཡོད་དང་འབྲེལ་ཆགས་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་འཚམས་འདྲི་དང་སྦྲགས། ད་ལྟའི་གློ་སྒྲིག་བྱམས་པ་གླིང་དམག་ཟུར་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་སྐུ་ཚེ་ཡུན་རིང་བརྟན་པའི་སླད་དུ་མགོན་པོ་ཚེ་དཔག་མེད་གྱི་སྐུ་བརྙན་རེ་ཕུལ་གནང་ཡོད་པ་དང་། ལྷག་པར་དུ་དཔའ་རྒོད་འདས་པོ་གློ་སྒྲིག་བྱམས་པ་གླིང་གི་དམག་ཟུར་རྣམས་ཀྱི་བཀའ་དྲིན་རྗེས་དྲན་སླད་དུ་དངུལ་གྱི་མཆོད་སྐོང་ཞིག་ཀྱང་གནང་ཡོད་པ་སོགས། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་ཀརྨ་བཟོད་པ་ལགས་ཀྱིས་མུ་མཐུད་གསུངས་དོན་ལ། སྤྱིར་གློ་སྒྲིག་བྱམས་པ་གླིང་དབུ་བརྙེས་བའི་མཛད་སྒོ་དེ་བཞིན་ཟླ་ ༢ ཚེས་ ༢༢ ཉིན་གཏན་ཁེལ་བྱུང་ཡོད་ནའང་།  ཉེ་ལམ་ཟླ་ ༢ ཚེས་ ༨ ཉིན་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་ཡོད་པས། དམ་པ་ཁོང་ནི་ལོ་རྒྱུས་ཐོག་གློ་སྒྲིག་དང་ཐད་སྐར་འབྲེལ་བ་ཧ་ཅང་གི་ཟབ་མོ་ཡོད་ལ། དམ་པ་ཁོང་གི་བཀའ་དྲིན་ལས་ད་ལྟའི་གློ་སྒྲིག་དེ་བཞིན་སྲ་བརྟན་ཐུབ་པ་བྱུང་ཡོད་པས། དམ་པ་ཁོང་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་མཚོན་སླད་མཛད་སྒོ་དེ་བཞིན་འཕར་འགྱངས་གནང་ཡོད་པ་བཞིན། ཟླ་ ༤ ཚེས་ ༥ རེས་གཟའ་སྤེན་པའི་ཉིན་སྲུང་བརྩི་ཞུས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་བལ་ཡུལ་དུ་རྟེན་གཞི་བྱས་པའི་གློ་སྒྲིག་འཛུགས་ནི། ཕྱི་ལོ ༡༩༦༠ ལོར་དབུ་བརྙེས་ཞིང་། དེ་ཉིད་ལོ་རྒྱུས་ཐོག་བལ་ཡུལ་གློ་མོན་ཐང་དུ་ཆུ་སྒང་དང་བོད་དམག་གིས་གཙོ་ཆེར་གྲུབ་པའི་སྒྲིག་འཛུགས་ཤིག་ཡིན་པ་དང་། གློ་མོན་ཐང་དུ་རྟེན་གཞི་བྱས་ཐོག་དམག་མི་རྣམས་ནས་བོད་བསྟན་པ་ཆབ་སྲིད་སླད་ལོ་ངོ་ལོ་བཅུ་བཞིའི་རིང་བོད་ནང་འཇབ་དམག་བཏང་སྟེ། ཞི་དྲག་གཉིས་ནས་བོད་ནང་ལ་རྒྱ་ནག་གི་དབང་སྒྱུར་ལ་འཐབ་འཁྲུག་གནང་ཡོད་པ་རེད་ལ། དེ་རྗེས་རིམ་བཞིན་དམག་གི་སྒྲིག་འཛུགས་དེ་ཉིད་ཉམས་པའི་རྗེས་ཕྱི་ལོ་ ༡༩༧༤ ལོར་དངོས་སུ་བོད་མིའི་གཞིས་ཆགས་ཀྱི་ངོ་བོར་བསྒྱུར། ཕྱི་ལོ ༡༩༧༥ ལོར་གློ་སྒྲིག་བྱམས་པ་གླིང་བོད་མིའི་གཞི་ཆགས་དབུ་བརྙེས་པ་ནས། འདི་ལོ་མི་ལོ་ཧྲིལ་བོ་ ༥༠ འཁོར་གྱི་ཡོད་པ་རེད་འདུག །

གསར་འགོད་པ། བདེ་ཆེན་དབང་མོ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎