ཨ་རིའི་གྲོས་ཚོགས་ནང་རྒྱ་རི་རིན་པོ་ཆེ་དམ་པར་རྗེས་དྲན་དང་ཆེ་བསྟོད།


2019.03.13
ཨ་རིའི་གྲོས་ཚོགས་ནང་རྒྱ་རི་རིན་པོ་ཆེ་དམ་པར་རྗེས་དྲན་དང་ཆེ་བསྟོད་བྱས་སྐབས། ༢༠༡༩།༣།༡༢ ཨ་རིའི་གྲོས་ཚོགས་ནང་རྒྱ་རི་རིན་པོ་ཆེ་དམ་པར་རྗེས་དྲན་དང་ཆེ་བསྟོད་བྱས་སྐབས། ༢༠༡༩།༣།༡༢
སྐལ་ལྡན་བློ་གྲོས།/RFA

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་དབུ་བཞུགས་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་རྒྱ་རི་རིན་པོ་ཆེ་དམ་པར་རྗེས་དྲན་དང་ཆེ་བསྟོད་གནང་སོང་།
དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་ཞུས་ཏེ། ༧གོང་ས་མཆོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ་ཟུར་པ་དང་རྒྱ་ནག་གཞུང་གི་འགོ་ཁྲིད་མཉམ་གྲོས་མོལ་གནང་མཁན་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་སྔ་ལོར་དགོང་པ་རྫོགས་པར་རྗེས་དྲན་ཆེ་བསྟོད་ཞུ་བའི་མཛད་སྒོ་ཞིག་ཚོགས་པར། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy pelosi)མཆོག་དབུ་བཞུགས་ཐོག་ཨ་རིའི་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་གཉིས་ཀའི་ངོས་ནས་བོད་དོན་ལ་དགའ་ཞེན་ཡོད་མཁན་དང་རིན་པོ་དམ་ཁོང་དང་ཐུགས་འདྲིས་ཆེན་པོ་ཡོད་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཆརཌ་གྷིཡར་ལ་སོགས་པ་ཁག་གཅིག་ལྷན་འཛོམས་ཐོག་རྗེས་དྲན་ཞུས་ཡོད་པ་རེད།
ལྕམ་པེ་ལོ་སི་མཆོག་གིས་ རྒྱ་རི་རིན་པོ་ཆེ་མཆོག་གི་ངོས་ནས་བོད་མིའི་བདེན་དོན་འཐབ་རྩོད་ཐོག་བློ་སྤོབས་ཆེན་པོས་སྐུ་ལས་བསྐྱོན་གནང་བ་ཙམ་མ་ཟད། ཨ་རིའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མིར་བློ་བསྐྱེད་སྤེལ་བའི་ཕྱག་ལས་གནང་ཡོད་ལ། ཁོང་གི་གཟིགས་རྒྱང་རིང་བའི་འཐབ་རྩོད་ཀྱི་རིམ་པ་ཁག་ལ་མོས་པ་ཆེན་པོ་གནང་གི་ཡོད་པར་མ་ཟད། ཁོང་ནི་སྐུ་ཚེ་ཧྲིལ་པོའི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིར་ཞབས་འདེགས་བསྒྲུབ་གནང་གིས། རེ་བའི་མིག་འབུར་གཏོད་གནང་མཁན་ཞིག་ཡིན་པས། ད་ལྟ་ང་ཚོའི་དཀྱིལ་དུ་བཞུགས་མེད་པར་བློ་ཕམ་ཡོད་ཀྱང་། ཁོང་གིས་ཐུགས་འཚབ་གནང་ཡུལ་བོད་ནང་ད་ལྟ་གནས་སྟངས་ཛ་དྲག་ཡོད་པས། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་གླེང་སློང་བཀའ་མོལ་ཞུ་ཡག་དེ་ང་ཚོ་ཚང་མར་ལས་འགན་ཡོད་ཅིང་། བོད་ཀྱི་གྲོགས་པོ་ཚང་མས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ཐོག་ལ་རྒྱབ་སྐྱོར་ཞུ་གི་ཡོད་པ་གསུངས་ཡོད་པ་རེད།
མཛད་སྒོའི་ཐོག་ཕེབས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་མཁན་རི་ཆརཌ་གྷིཡར་ (Richard Gere)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ནི་བོད་མི་ཚོར་མ་ཟད་འཛམ་གླིང་ཡུལ་གྲུ་གང་ཞིག་གི་ཕྱི་སྲིད་བློན་ཆེན་གནང་ཡང་སྐུ་ཡོན་དང་རྣམ་དཔྱོད་སོགས་ཀྱི་འོས་ཆོས་ཆ་ཚང་ལྡན་པ་ཞིག་ཡོད་རེད་ཅེས་དང་། ཁོང་གིས་ད་དུང་བོད་མིའི་མ་འོངས་ལོ་ ༥༠ ཡིའི་འཐབ་རྩོད་ཁ་ཕྱོགས་ཐད་གསུངས་སྐབས། རྒྱ་ནག་གཞུང་གིས་བོད་མིའི་སྡུག་བསྔལ་ཐོག་ཡ་ལན་ཡག་པོ་བྱེད་ཀྱི་མེད་ཀྱང་། ནམ་ཞིག་རིང་པོར་མ་ཐོགས་པར་འགྱུར་བ་ཆེན་པོ་ཞིག་ཏན་ཏན་ཡོང་རྒྱུ་ཡིན་པ་གསུངས་ཡོད་ལ། ཡང་རི་ཆརཌ་གྷིཡར་ལགས་ཀྱིས་བཀའ་ཟུར་རྒྱ་རི་རིན་པོ་ཆེ་ནི་༧གོང་ས་མཆོག་དང་འཛམ་གླིང་གི་དབུ་ཁྲིད་དབར་འབྲེལ་མཐུད་གནང་མཁན་གྱི་ཟམ་པ་ལྟ་བུ་དེ་ཡིན་པ་དང་། བོད་ཀྱི་གནད་དོན་ནི་འཛམ་གླིང་གྱི་གནད་དོན་ཞིག་ཡིན་ཞིང་། རིན་པོ་ཆེ་ནི་རྒྱ་མི་ལ་ཡིན་ཡང་སྡུག་པོ་མི་འདོད་མཁན་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་རྒྱ་རི་རིན་པོ་ཆེ་མཆོག་དང་བོད་པར་ཐུགས་ཉེ་བའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཌཡེནསྀ་ཧྥཡེནསི་ཊཡིན་(Dianne Feinstein)མཆོག་དང་དེ་བཞིན་ཁོང་གི་སྐུ་ཟླ་རི་ཆརཌ་སྦུལམ (Richard Blum) ལགས་ཀྱི་ངོས་ནས། རིན་པོ་ཆེ་མཆོག་ནི་སྐྱེས་བུ་གཞན་སུ་ཞིག་དང་མི་འདྲ་བའི་ཐུགས་བརྩེ་བ་ཆེ་ཤིང་། བོད་ཀྱི་གནད་དོན་ཐོག་ལ་ཨ་རིའི་གཞུང་དང་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་འཚོལ་སྒྲུབ་ཐད་ལ་བརྩོན་པ་ཆེན་པོ་གནང་བར་མ་ཟད། ཤུགས་རྐྱེན་ལྡན་པའི་མི་སྣ་ཞིག་ཡིན་པ་ཡང་གསུངས་ཞིང་། སྐུ་ཚེ་ཧྲིལ་པོར་བོད་མི་བདེ་དོན་ཆེད་སྐུ་ལས་བསྐྱོན་ནས་བོད་རྒྱ་འབྲེལ་མོལ་ཐོག་ལོ་རྒྱུས་རང་བཞིན་གྱི་འབྲེལ་མཐུད་གནང་ཐུབ་པ་བྱུང་བ་སོགས་ཀྱི་བྱས་རྗེས་ཕྱིར་དྲན་ཞུས་ཡོད་པ་རེད།
རྗེས་དྲན་གྱི་གསུང་བཤད་གནང་མཁན་ཁྲོད། ཨ་རིའི་སྲིད་འཛིན་བྷུ་ཤུ་མཆོག་གི་སྐུ་དུས་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་གནང་མཁན་ལྕམ་པའོ་ལ་ཌོསྦ་རེཡེནསྀ་ཀཱི (Paula Dobriansky)མཆོག་གིས། ཨ་རིའི་སྲིད་འཛིན་ཟུར་པ་བྷུཤ་གཏན་ཞལ་གྱིས་སྤྲིངས་པའི་གསུང་འཕྲིན་ལྗགས་ཀློག་གནང་ཞིང་། མཛད་སྒོར་ཕེབས་པ་རྒྱ་རི་རིན་པོ་ཆེ་དམ་དེའི་སྐུ་ཟླ་རྒྱ་རི་ཟླ་བ་ལགས་སུ་རྩིས་འབུལ་གནང་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་ལས་ཟུར་བགྲེས་གཞོན་རྣམ་པས་རིན་པོ་ཆེ་མཆོག་ནི་ཕྱག་ལས་ཧ་ཅང་གནང་ཐུབ་མཁན་ཞིག་དང་། ལྷག་པར་བོད་དོན་ཐོག་འབྲེལ་བ་གསར་པ་མཐུད་ཐུབ་པ་རྣམས་མུ་མཐུད་བདག་ཉར་དང་། ཕན་ཚུན ཚང་མའི་བདེ་སྡུག་བསམ་ཤེས་གནང་མཁན་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་།
མཛད་སྒོའི་སར་ད་དུང་རྒྱ་རི་རིན་པོ་ཆེ་མཆོག་དང་ཐུགས་འདྲིས་ཆེ་བའི་ཨ་རིའི་གཞུང་འབྲེལ་མིན་པའི་མང་གཙོ་འཕེལ་རྒྱས་ཚོགས་པའི་གཙོ་འཛིན་ཀརཱལ་སྒེརཤ་མན་(Carl Gershman)་ལགས་ཀྱིས་རྒྱ་རི་རིན་པོ་ཆེ་མཆོག་ཐོག་མར་༡༩༩༡ལོར་༧གོང་ས་མཆོག་དང་ཐུགས་ཉེ་ཞིང་ཉེ་ལམ་དགོངས་པ་རྫོགས་པའི་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཟུར་པ་ཇོརཇ་ཧྥར་ནན་དེསྀ་(George Fernandes)མཆོག་གིས་ངོ་སྤྲོད་གནང་སྟེ། ཨ་རིའི་རྒྱལ་སར་ཕེབས་པ་ཞིག་ཡིན་ཡང་། ཁོང་གི་ལས་དོན་སྒྲུབ་ཕྱོགས་ནི་གཞན་གྱིས་ངོ་སྤྲོད་ཞུ་མི་དགོས་པར། ལས་དོན་གང་གནང་ཡང་བརྗིད་ཉམས་ལྡན་པ་ཞིག་དང་། འཕྲལ་ཕུགས་འགྱངས་གསུམ་དང་འཆར་གཞི་ལྡན་ལ་བཟང་ཕྱོགས་ཀྱི་རེ་བ་དང་ལྷག་བསམ་གྱི་རྒྱབ་རྟེན་ཡོད་པ་ཞིག་ལ་འགྲེལ་བརྗོད་གནང་སོང་།
མཛད་སྒོའི་ཐོག་བོད་དོན་ལ་དམིགས་བསལ་རྒྱབ་སྐྱོར་དང་བོད་དོན་ཁྲིམས་གཞི་ཁག་ཐུགས་འཁུར་ཆེ་བཞེས་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་པེ་ཏྲིཀ་ལེ་ཧི་དང་(Patrick Leahy)དང་། གྲོས་ཚོགས་འོག་མའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཀྱི་ཆེས་མཐོའི་ཚོགས་ཆུང་སོགས་ཀྱི་ཚོགས་གཙོ་སྐུ་ཞབས་ ཇིམ་མེཀ་གོ་ཝརན་ Jim McGovern སོགས་་ནང་མི་མང་ ༢༠༠ ཙམ་ཞིག་འདུ་འཛོམས་བྱུང་ཡོད་པ་རེད།
བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་སྔ་ལོ་མཆིན་པའི་སྐྲན་ནད་ཀྱི་སྙུན་གཞི་དྭང་སྐྱེད་མ་བྱུང་བར་ཨ་རིའི་ཀ་ལི་ཧྥོར་ནི་ཡའི་ས་ཁུལ་དུ་དགོངས་པ་རྫོགས་ཤིང་། ཁོང་དགུང་གྲངས་ ༦༩ ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎