རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཁོངས་སུ་ཞིབ་བཤེར་བྱེད་བཞིན་པ།
2015.01.28

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་བློ་བཟང་ཚེ་རིང་ལ་ཞིབ་བཤེར་གནང་བཞིན་པ།
དེ་ཡང་རྒྱ་ནག་གཞུང་གི་ནང་དཔལ་འབྱོར་སོགས་ཧམ་ཟ་བྱེད་མཁན་ལ་ངོ་རྒོལ་དང་ཞིབ་དཔྱོད་བྱེད་མཁན་གྱི་ཚོགས་པ་ཞིག་གིས་བོད་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་གྱི་གུང་ཁྲན་ཏང་གི་ཚོགས་མི་གནད་ཡོད་མི་སྣ་༡༥་ཙམ་གྱིས་དཔལ་འབྱོར་ལྐོག་ཟ་བྱས་པའི་ཁྲིམས་འགལ་གྱི་གནས་ཚུལ་ཤེས་རྟོགས་བྱུང་བ་རྒྱ་ནག་གི་གསར་ཤོག་ནང་བཏོན་ཡོད་པ་དང་། རྒྱ་ནག་དབུས་ཏང་གི་ཚོགས་པའི་ཞིབ་དཔྱོད་ཚོགས་པས་དོགས་གཞི་བྱེད་ཡུལ་འབྲེལ་ཡོད་མི་སྣས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་དང་། ཡང་ན་ལག་སྦྲེལ་བྱེད་པའམ་བོད་མིའི་མགོན་སྐྱབས་ཏཱ་ལའི་བླ་མའི་ཕྱོགས་གཏོགས་ལ་གནས་ཚུལ་ངོ་སྤྲོད་བྱས་པ། དེ་བཞིན་ལས་འགུལ་ནང་རྒྱབ་སྐྱོར་དང། རྒྱལ་ཁབ་བདེ་སྲུང་ལ་ཉེན་ཁ་བཟོས་པ་སོགས་ཀྱི་སྐོར་བོད་ནང་དཔལ་འབྱོར་ཧམ་ཟ་བྱེད་མཁན་ཞིབ་དཔྱོད་ལས་དོན་ཚོགས་པའི་དྲུང་ཆེ་ཝང་ཀང་གིས་བཤད་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ནང་དམིགས་བསལ་གྱི་དམ་བསྒྲགས་སྲིད་བྱུས་འཛིན་བཞིན་པ་གང་ཞིག་ལ་ད་རེས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཞིབ་དཔྱོད་བྱུང་བ་དེའང་རྣམ་ཀུན་དང་མི་འདྲ་བའི་གནས་ཚུལ་ཞིག་ཀྱང་བྱུང་བ་རེད།
དེ་བཞིན་ཡང་འདི་ཚེས་༢༨ཉིན་རྒྱ་གར་གྱི་PTIགསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། འགན་འཛིན་གཞོན་པ་གཅིག་ལྕོག་བློ་བཟང་ཚེ་རིང་ཞེས་པ་ཞིག་ལ་ས་གནས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ནས་སྒྲིག་ཁྲིམས་ལས་ཚབས་ཆེ་འགལ་བའི་གྱོད་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཡིན་ནའང་བློ་བཟང་ཚེ་རིང་གིས་སྒྲིག་ཁྲིམས་ལས་ཚབས་ཆེ་གང་ཞིག་འགལ་བའི་སྐོར་ཞིབ་ཕྲའི་གསལ་ཁ་གང་ཡང་བཏོན་མིན་འདུག རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་གནས་ཚུལ་ནང་བཀོད་པར་གཞིགས་ན། གོང་གསལ་བློ་བཟང་ཚེ་རིང་ཞེས་པ་དེ་༢༠༠༦ནས་༢༠༡༡བར་ཁོ་པ་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་ས་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེའི་འགན་ཡང་ཁུར་མྱོང་ཡོད་པ་རེད། འདས་པའི་ལོ་གཉིས་ནང་ཚུད། སྲིད་འཛིན་ཞེ་ཅིན་ཕིན་གྱིས་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བའི་ནང་། རྒྱ་ནག་དམར་ཤོག་ཚོགས་པ་དང་། དྲག་པོའི་སྒྲིག་འཛུགས་ཀྱི་མཐོ་རིམ་མི་སྣ། དམག་སྤྱི་གཙོས་པའི་རྒྱ་ནག་ནང་ཁྱོན་ཡོངས་སུ་མཐོ་དམན་བར་གསུམ་གྱི་འགོ་ཁྲིད་མི་སྣ་བརྒྱ་ཕྲག་མང་པོར་ལྐོག་ཟའི་གྱོད་དོན་གྱིས་དོ་དམ་འཛིན་བཟུང་དང་ཞིབ་དཔྱོད་བྱེད་བཞིན་ཡོད་པ་རེད། སྲིད་འཛིན་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་ལས་འགུལ་དེ་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་དབང་ཆའི་འཐབ་རྩོད་ཡིན་ལུགས་དང་། ཡང་ཁག་གཅིག་གིས་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་རྒོལ་རྡུང་གི་ལས་འགུལ་དེ་ཁ་ཞེ་གཉིས་མེད་ཀྱི་ལྐོག་ཟའི་ལམ་ལུགས་མེད་པ་བཟོ་ཐབས་ཡིན་པར་ལྟ་ཕྱོགས་མི་འདྲ་བ་ཡོད་པ་རེད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ་དང་དོན་གྲུབ་རྣམ་རྒྱལ།