ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

2024.02.05
ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་ཀྱི་པར་རིས། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༦ ནང་བོད་ནང་གི་རྔ་བ་ཀིརྟི་དགོན་པའི་དཔེ་མཛོད་འགན་འཛིན་ཟུར་བ་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་ནས། ཕྱི་ཕྱོགས་སུ་འབྲེལ་འདྲིས་དང་བཙན་བྱོལ་ནང་གི་དཔེ་དེབ་བོད་ནང་དཔར་སྐྲུན་བྱས་སྐོར་གྱི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་ཀྱིས། ད་ལྟའི་ཆར་ཟླ་བ་བརྒྱད་ཙམ་འགྲོ་བཞིན་ཡོད་ཀྱང་ས་གནས་གང་དུ་ཁྲིད་ཡོད་དང་། བཙོན་མཇུག་ཁྲིམས་ཐག་བཅད་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་པ་ཆགས་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་མ་བྱས་སྔོན་ཐེངས་ཁ་ཤས་ལ་འབོད་འགུག་འདྲི་རྩད་བྱས་ཡོད་པ་དང་། རྗེས་སུ་གློ་བུར་ཀིརྟི་དགོན་པའི་རང་ཤག་ཏུ་རྔ་བ་རྫོང་ཉེན་རྟོག་པས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་ལ་ཉེས་འཛུགས་གཙོ་བོ་ཀིརྟི་དགོན་པའི་དཔེ་མཛོད་འགན་འཁུར་སྐབས། ཕྱི་ཕྱོགས་ཀྱི་དཔེ་དེབ་ཁག་ཅིག་བོད་ནང་དཔར་སྐྲུན་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ནག་ཉེས་བཙུགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་རྔ་བ་རྫོང་སྤྱི་ཉེན་རྟོག་ཁང་དུ་འབྲེལ་བ་བྱས་ཀྱང་། ལས་བྱེད་ཅིག་ནས་ཁྱེད་ཚོས་ས་ཆ་གང་ཞིག་ནས་འབྲེལ་བ་བྱེད་བཞིན་ཡོད། དགེ་འདུན་པ་བློ་བཟང་ཐབས་མཁས་རྩད་འཚོལ་བྱས་ནས་དོན་དག་ག་རེ་ཡོད་དམ། ཁོང་སྒེར་ལ་འབྲེལ་བ་བྱོས་མ་གཏོགས་ང་ཚོས་ངོས་ནས་ཁོང་ངོ་ཤེས་ཀྱི་མེད་ཅེས་བརྗོད་བྱུང་།

དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་ནི་ཕ་ཡུལ་རྔ་བ་རྨེའུ་རུ་མ་རུ་ཆེན་གསུམ་པ་ནས་ཡིན་ཞིང་། ཁོང་ད་ལྟའི་ཆར་དགུང་ལོ་ ༥༤ ཡིན་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།     
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎