བློ་བཟང་རྡོ་རྗེ་ལགས་སུ་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག
2019.09.05
དེ་སྔ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་བའི་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་རྡོ་རྗེ་ལགས་སུ་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག
དེ་ཡང་རྒྱ་གར་རྡ་རམ་ས་ལར་ཡོད་པའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་འདི་གར་གནས་ཚུལ་བཏང་བ་ལྟར་ན། ཕྱི་ཟླ་ ༩ ་ཚེས་ ༣ ་ཉིན་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་རྡོ་རྗེ་ལགས་སུ་རྒྱ་ནག་གཞུང་གིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་༢༠༡༨་ལོའི་ཟླ་ ༧ ་པའི་ཟླ་དཀྱིལ་ཞིག་གི་མཚན་མོར་རང་ཤག་ནས་རྒྱ་ནག་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་ཅིང་། དེ་ནས་བཟུང་ད་བར་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་བྱས་ཡོད་འདུག དེ་སྔོན་ཁོང་འཛིན་བཟུང་བྱས་སྐབས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་རྐྱེན་གྱིས་ཡིན་ཚུལ་ཙམ་ལས་ཉེ་ཆར་ཁྲིམས་ཐག་གཅོད་སྐབས་ཉེས་མིང་ག་རེ་བཏགས་ཡོད་མེད་སོགས་ཞིབ་ཕྲ་ཤེས་རྟོགས་མ་བྱུང་བ་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
བློ་བཟང་རྡོ་རྗེ་ནི་རང་ལོ་༣༦་ཙམ་ཡིན་པ་དང་། དེང་སྐབས་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཆ་བགོས་བྱས་པ། རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་གྱི་རྔ་བ་རྫོང་གི་ཕྱུགས་ལས་འགབ་མ་ནས་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས། དེ་སྔོན་ཕྱི་ལོ་ ༢༠༠༨ ་ལོར་འཛིན་བཟུང་གིས་ལོ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་ཡོད་པས། ད་ཐེངས་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ཐེངས་གཉིས་པ་ཡིན་འདུག