སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཆོས་ལུགས་ཁག་གི་དབུ་འཁྲིད་རྣམ་པས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་འགན་འཁུར་དགོས་པའི་སྐུལ་མ་གནང་པ།

2024.11.15
སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཆོས་ལུགས་ཁག་གི་དབུ་འཁྲིད་རྣམ་པས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་འགན་འཁུར་དགོས་པའི་སྐུལ་མ་གནང་པ།
Akal Takht
སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་དེང་སྐབས་འཁྲུག་རྩོད་ཆེ་བའི་འཛམ་གླིང་འདིའི་ནང་ཆོས་ལུགས་ཁག་གི་དབུ་འཁྲིད་རྣམ་པས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་འགན་འཁུར་དགོས་པའི་སྐུལ་མ་གནང་འདུག
ཚེས་༡༣་ཉིན་རྒྱ་གར་གྱི་པན་ཇབ་མངའ་སྡེའི་གྲོང་ཁྱེར་ཨམ་རིཏ་སར་གྱི་ནང་སིག་ཆོས་རྒྱུད་ཀྱི་སྟོན་པ་གུ་རུ་ནཱ་ནག་འཁྲུངས་ནས་ལོ་༥༥༥འཁོར་བའི་དུས་ཆེན་དང་བསྟུན་ནས་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་གི་དབུ་འཁྲིད་རྣམ་པ་ལྷན་འཛོམས་ཀྱིས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་ཡོང་བའི་ལྷན་ཚོགས་ཀྱི་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གདན་ཞུ་ལྟར་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་དང་འབྲེལ་རིན་པོ་ཆེ་མཆོག་ནས་དེང་སྐབས་འཁྲུག་རྩོད་ཆེ་བའི་འཛམ་གླིང་འདིའི་ནང་ཆོས་ལུགས་ཁག་གི་དབུ་འཁྲིད་དང་། སྐུ་ཚབ་རྣམ་པས་ཐུགས་འཁུར་ཆེ་བཞེས་ཀྱིས་འཛམ་གླིང་འདི་ཞི་བདེ་བསྐྲུན་ཐབས་དགོས་པའི་སྐུལ་མ་གནང་འདུག
465956227_1092665092220756_2619628747538912080_n.jpgང་ཚོ་ཆོས་ལུགས་ཁག་གི་འགོ་འཁྲིད་དང་སྐུ་ཚབ་ཡིན་པའི་ཆ་ནས་འཛམ་གླིང་ནང་རྩོད་རྙོག་མེད་པར་བཟོ་རྒྱུ་དང་ཆོས་ལུགས་རྗེས་འབྲང་ནང་ཕན་ཚུན་དབར་མཐུན་སྒྲིལ་ཡོང་རྒྱུར་ལམ་སྟོན་གནང་བ་སོགས་ཀྱི་འགན་འཁུར་ཆེ་ཙམ་བཞེས་དགོས་པ་དང་ཕན་ཚུན་དབར་མ་མཐུན་པ་རྣམས་ལྷག་བསམ་དང་བརྩི་བཀུར་ལྡན་པའི་ཐོག་ནས་གོ་ཤེས་ཉན་ཤེས་བྱས་དེ་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་ཁག་སེལ་ཐབས་དགོས་པ་དང་། ང་ཚོའི་གོ་གནས་འདི་བེད་སྤྱོད་བཏང་པའི་ཤུགས་རྐྱེན་གྱི་འོག་ཞི་བདེའི་གནས་ཤིང་སྡང་འཛིན་དང་དབྱེ་འབྱེད་ལ་གདོང་ལེན་ནན་པོ་གནང་རྒྱུ། ང་ཚོ་ཆོས་ལུགས་ཁག་གི་དབུ་འཁྲིད་ཡིན་པའི་ཆ་ནས་ང་ཚོས་འགྲན་སློང་དང་།  སྐུལ་སློང་བྱེད་ཐུབ་པ་དང་མཉམ་དུ་སྙིང་རྗེའི་ཤུལ་བཞག་ཅིག་བསྐྲུན་ཐུབ་པ་དེས་ང་ཚོས་མ་འོངས་པའི་མི་རབས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཐུབ་རྒྱུ་ཡིན་པ་གསུང་གནང་ཡོད་པ་རེད། ཡང་རིན་པོ་ཆེ་མཆོག་ནས་གུ་རུ་ནཱ་ནག་གི་འཁྲུངས་སྐར་དང་འབྲེལ་བའི་ཐོག་གསུངས་དོན་ལ། གུ་རུ་ནཱ་ནག་གིས་བཀའ་སློབ་སྩལ་གནང་བའི་ནང་དུ་ང་ཚོ་ཚང་མ་རྒྱབ་ལྗོངས་འདྲ་མིན་ལ་མ་ལྟོས་པར་དཀོན་མཆོག་གི་གཟིགས་སྣང་ལ་ཚང་མ་འདྲ་མཉམ་ཡིན་པ་དང་ཁོང་གི་འཆར་སྣང་གི་ནང་དུ་ལང་སྐར་ཞེས་པའི་སྤྱི་ཚོགས་ཐབ་ཚང་གི་ནང་ལས་རིགས་འདྲ་མིན་གཉེར་བཞིན་པའི་མི་མང་རྣམས་ལ་དབྱེ་འབྱེད་སྤང་ཏེ་རང་དོན་བློས་བཏང་གིས་རིན་མེད་ཟས་སྦྱིན་གྱི་ཞབས་ཞུ་སྒྲུབ་པ་དེ་ནི་མིག་དཔེ་འོས་པ་ཞིག་ཡིན་པ་རེད་ཅེས་དང་། གཞན་ལ་ཕན་ཐོག་སྒྲུབ་རྒྱུར་གལ་ཆེ་ཤོས་དེ་ནི་སྙིང་རྗེ་དང་གཞན་ཕན་གྱི་བློ་དེ་དགོས་པ། དེ་ནི་ཆོས་ལུགས་ཚང་མའི་བསླབ་བྱ་གཅིག་མཚུངས་བསྟེན་ཡོད་པ་དང་ད་ལན་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་འཛོམས་འདིའི་ཐོག་ང་ཚོས་ཆོས་ཕྱོགས་ཀྱི་ཐོག་ནས་འགྲོ་བ་མི་སྤྱི་ལ་ཞབས་འདེགས་སྒྲུབ་པ་དེ་གསལ་སྟོན་བྱེད་པའི་དུས་སྐབས་ཤིག་ཡིན་སྐོར་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་གསུང་གནང་བ་དང་སྦྲགས་ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འགྲོ་བ་མིའི་ཪིན་ཐང་གོང་འཕེལ་གཏོང་རྒྱུར་ཐུགས་འཁུར་གཏིང་ཟབ་བཞེས་ཤིང་མགོན་པོ་གང་ཉིད་ནས་བཟང་སྤྱོད་དང་འགྲོ་བ་མིའི་རིན་ཐང་ལ་ངེས་པར་མཁོ་བའི་སྙིང་རྗེ་དང་དགོངས་ཡངས་དེ་བཞིན་བཟོད་སྲན་དང་རང་སྡོམ་སྲུང་བ་བཅས་ཀྱི་ཐོག་ནས་ལམ་སྟོན་སློབ་གསོ་གནང་བཞིན་ཡོད་པ་དང་གཞི་རྩའི་འགྲོ་བ་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད་བྱེ་བྲག་ཏུ་ཆོས་ལུགས་ལ་ཡིད་ཆེས་མེད་མཁན་ཚོ་ཡིན་པ་ཡིན་ནས་ཀུན་ཁྱབ་ཀྱི་འགན་འཁུར་གྱི་ཐོག་ནས་སོ་སོའི་མི་ཚེའི་ནང་ཕན་ཐོག་ཡོང་རྒྱུ་ཡིན་པ་གསུང་གནང་འདུག ཡང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གྱི་དགོངས་གཞི་སྐོར་གསུངས་དོན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཉིས་པ་ཆོས་ལུགས་མཐུན་སྒྲིལ་གྱི་དགོངས་གཞི་དེར་ང་ཚོ་འདིར་འདུ་འཛོམས་བྱུང་བ་ཚང་མས་དོ་སྣང་བྱ་ཡུལ་ཞིག་དང་དེ་ནི་ཆོས་ལུགས་ཕན་ཚུན་དབར་གུས་བརྩི་དང་ལྡན་པའི་ཐོག་ནས་གོ་བསྡུར་སྦྱང་ཤེས་བྱ་རྒྱུ་དེ་ནི་ཆོས་ལུགས་མཐུན་སྒྲིལ་གྱི་ཆེད་དགོས་ངེས་ཀྱི་ཆ་རྐྱེན་གལ་ཆེ་ཞིག་ཡིན་པ་སོགས་ཀྱི་གསུང་བཤད་གནང་འདུག
465672950_1092665118887420_4111327103069413124_n.jpgསྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ལྷན་ཚོགས་དེའི་ཐོག་བཀའ་སློབ་གནང་བའི་ནང་དོན་ཁག་ལ་ལྷན་ཚོགས་དེའི་ནང་ལྷན་བཞུགས་གནང་བའི་ཆོས་ལུགས་ཁག་གི་དབུ་འཁྲིད་སྐུ་ཚབ་དང་ཚོགས་བཞུགས་པ་བཅས་ནས་དུས་དང་མཚམས་པའི་བཀའ་སློབ་གནང་བར་གདེང་འཇོག་ཆེན་པོ་གནང་ཡོད་སྐོར་སྐབས་དེར་རིན་པོ་ཆེ་མཆོག་དང་ལྷན་བཅར་ཞུས་ཡོད་པའི་གང་ཉིད་ཀྱི་ཕྱག་མཛོད་བསྟན་འཛིན་མཁྱེན་བརྩེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་། ད་དུང་ཁོང་གིས་མཐུད་གསུང་ཡས་ལ་རིན་པོ་ཆེ་མཆོག་ཁུལ་དེར་ཡོད་པའི་སིག་གི་གསེར་གྱི་ལྷ་ཁང་ལ་གནས་གཟིགས་དང་འབྲེལ་རྒྱ་གར་གསར་འགོད་པ་རྣམས་ལ་བཀའ་སློབ་བསྩལ་གནང་མཛད་ཡོད་པ་གསུང་གནང་བྱུང་སིག་ཆོས་རྒྱུས་ཀྱི་སྟོན་པ་གུ་རུ་ནཱ་ནག་གི་འཁྲུངས་སྐར་དུས་ཆེན་ལོ་ལྟར་སྲུང་བརྩི་ཞུ་གི་ཡོད་ན་ཡང་ད་ལོ་དམིགས་བསལ་གྱི་ཁོང་གི་འཁྲུངས་སྐར་དང་བསྟུན་ནས་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་གོ་སྒྲིག་ཞུས་པ་དེ་ནི་ཐེངས་དང་པོ་ཡིན་པ་དང་། ད་ལན་གྱི་ལྷན་ཚོགས་དེའི་ཐོག་སིག་ཆོས་རྒྱུད་ཀྱི་སྐུ་ཚབ་གཙོས་པའི་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་༣༦ཙམ་ཞིག་ཧིན་དྷུ་དང་། ཡི་ཤུ། ཁ་ཆེ། ནང་པ། ཇེན་སོགས་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་གི་དབུ་འཁྲིད་སྐུ་ཚབ་དང་དེ་མིན་ཚོགས་ཞུགས་པ་མི་གྲངས་༡༠༠༠་ཙམ་ལྷན་ཞུགས་གནང་ཡོད་པ་རེད་འདུག ལྷན་ཚོགས་གོ་སྒྲིག་གནང་མཁན་སིག་ཆོས་རྒྱུད་ཀྱི་འགོ་འཁྲིད་ཨ་ཀལ་ཏག་ནས་ད་ལན་གྱི་ལྷན་ཚོགས་དེའི་ཐོག་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གདན་ཞུ་ཆེད་བཞུགས་སྒར་དུ་ཆེད་བཅར་ཞུས་ཡོད་པ་མ་ཟད་ད་ལན་ལྷན་ཚོགས་དེའི་ཐོག་རིན་པོ་ཆེ་དངོས་སུ་དབུ་བཞུགས་མཛད་པ་དེར་ལྷན་ཚོགས་དེའི་གོ་སྒྲིག་ཚོགས་ཆུང་ངོས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་དང་འབྲེལ་སྐུ་ཚབ་ལྷན་ཚོགས་དེར་ལྷན་ཞུགས་གནང་བར་དགའ་སྤོབས་ཆེན་པོ་གནང་ཡོད་པ་རེད་འདུག
གསར་འགོད་པ། པད་མ་དངོས་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎