༧གོང་ས་མཆོག་གི་མཚན་ཐོག་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་གསར་བཞེངས་གནང་རྒྱུའི་ལས་འཆར།

དེ་ཡང་ཨ་མི་རི་ཀའི་གྲོང་ཁྱེར་ཨི་ཐ་ཀའི་ནང་ཡོད་པའི་རྣམ་རྒྱལ་གྲྭ་ཚང་ནང་ཆོས་སློབ་གཉེར་ཁང་ནས་ལོ་ངོ་བཞི་དང་ཕྱེད་ཀའི་གོང་ཁུལ་དེར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཚན་ཐོག་དཔེ་མཛོད་ཁང་དང་། ཤེས་ཡོན་སློབ་གཉེར་བསྟི་གནས་ཁང་ཞིག་གསར་བཞེངས་གནང་རྒྱུའི་འཆར་གཞི་བཏོན་གནང་ཏེ་རིམ་པས་འགྲོ་གྲོན་གཏོང་དམིགས་དང་གཞན་ཡང་ཁང་པའི་བཀོད་དབྱིབས་བྱུས་བཀོད་གནང་རྒྱུ་སོགས་ལས་དོན་ཁག་སྤེལ་གནང་ཏེ་ད་ཆ་སྔོན་འགྲོའི་ལས་གཞི་འགོ་བཙུགས་གནང་རྒྱུའི་གྲ་སྒྲིག་གང་འཚམས་ཟིན་ཏེ་སླར་ཡང་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པས་ལས་འཆར་དེའི་ཐོག་བསྐྱར་ཞིབ་གནང་རྒྱུ་ཡིན་འདུག
གོང་དུ་ཞུས་པའི་༧གོང་ས་མཆོག་གི་མཚན་ཐོག་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་དེ་ནི་ཐོག་བརྩེགས་གཉིས་ཅན་དང་དེའི་ནང་། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཛད་འཕྲིན་དང་འབྲེལ་བའི་འགྲེམས་སྟོན་ཁང་ཞིག་དང་། དཔེ་མཛོད།
དེ་བཞིན་མི་གྲངས་ ༢༥༠ ཙམ་བཤོངས་པའི་ཚོགས་ཁང་བཅས་ཡོད་འདུག
མ་འོངས་པར་བསྟི་གནས་ཁང་འདིའི་ནང་། བོད་པའི་ཆོས་དང་རིག་གཞུང་བཅས་གོང་འཕེལ་གཏོང་ཐབས་གནང་ཡུལ། ལྷག་པར་དུ་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་ནང་པ་དང་ཚན་རིག་པའི་དབར་བགྲོ་གླེང་གནང་ཡུལ་སེམས་དང་སྲོག་གི་བསྟི་གནས་ཁང་གི་ཚོགས་འདུ་བསྐོངས་ཚོགས་གནང་ཡུལ་བཅས་སུ་བེད་སྤྱོད་གནང་རྒྱུ་ཡིན་པ་བཅས་གང་ལྟར་གོང་གི་ལས་འཆར་འདི་བརྒྱུད་རྒྱལ་སྤྱིའི་མི་རིགས་སུ་འདྲ་ཞིག་ཡིན་རུང་གཙོ་བོ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཛད་པ་འཕྲིན་ལས་དང་ལྷག་པར་དུ་ཁོང་གིས་འཛམ་གླིང་སྟེང་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་ཆོས་ལུགས་རིས་མེད་ཀྱི་ཐོག་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་གནང་མཛད་པའི་མཛད་འཕྲིན་ཁག་མང་ཚོགས་ལ་ངོ་སྤྲོད་ཙམ་མ་ཡིན་པར་དེའི་ནང་སློབ་གཉེར་གནང་ཐུབ་པའི་ཆ་རྐྱེན་སྐྲུན་ཐབས་སུ་དམིགས་པ་ཞིག་ཡིན་འདུག
ད་ཆ་ལས་གཞི་འདི་བཞིན་ས་གནས་གྲོང་སྡེ་ལས་ཁུངས་ནས་བསྐྱར་ཞིབ་གནང་རྒྱུར་ཟླ་བ་གཉིས་གསུམ་ཙམ་འགོར་སྲིད་པ་ཡིན་པ་དང་གལ་སྲིད་འཐུས་ཚང་བཀའ་འཁྲོལ་བྱུང་བ་ཡིན་ན་ལོ་འདིའི་ཕྱི་ཟླ་དྲུག་པའི་ནང་དངོས་སུ་འཛུགས་སྐྲུན་ལས་གཞི་འགོ་འཛུགས་གནང་འཆར་ཡོད་འདུག།