རྒྱ་ནག་གི་སྲིད་བློན་འདས་པོ་ལི་ཁེ་ཆང་གི་དུར་འཇུག་མྱ་ངན་མཛད་སྒོ་རྒྱས་སྤྲོས་མེད་པའི་ཐོག་ནས་བྱས་འདུག

2023.11.02
རྒྱ་ནག་གི་སྲིད་བློན་འདས་པོ་ལི་ཁེ་ཆང་གི་དུར་འཇུག་མྱ་ངན་མཛད་སྒོ་རྒྱས་སྤྲོས་མེད་པའི་ཐོག་ནས་བྱས་འདུག རྒྱ་ནག་གི་སྲིད་བློན་འདས་པོ་ལི་ཁེ་ཆང་གི་དུར་འཇུག་མྱ་ངན་མཛད་སྒོའི་སྐབས། ༡༡།༠༢།༢༠༢༣
REUTERS

རྒྱ་ནག་གི་སྲིད་བློན་འདས་པོ་ལི་ཁེ་ཆང་ལ་མང་ཚོགས་ཀྱི་མྱ་ངན་གུས་འདུད་ཀྱི་རླབས་མི་འཕྱུར་ཆེད་དུར་འཇུག་མྱ་ངན་མཛད་སྒོ་མཁོ་བསྡུ་ཆེ་ལ་སྟངས་འཛིན་རང་བཞིན་ཆེ་བའི་ཐོག་ནས་བྱས་འདུག རྒྱ་ནག་གི་སྲིད་འཛིན་དུར་འཇུག་གི་མཛད་སྒོའི་ཐོག་མཉམ་ཞུགས་བྱས་ཡོད་པ་རེད།
དེ་ཡང་ལི་ཁེ་ཆང་(Li Keqiang)་བདུན་ཕྲག་སྔོན་མར་སྙིང་རྩ་འགག་ནས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་གློ་བུར་དུ་འདས་གྲོངས་སུ་ཕྱིན་པ་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་ཡོད་ཅིང་། ཁོང་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་བློ་ཁ་མི་མཐུན་པའི་དཔོན་རིགས་ཤིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
དབྱིན་ཇིའི་(Oxford)་མཐོ་རིམ་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་བསྟི་གནས་ཁང་གི་ཞིབ་འཇུག་ལས་རོགས་(George Magnus)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། མི་མང་གིས་ལི་ཁེ་ཆང་ལ་མྱ་ངན་གྱི་ཚོར་རླབས་མི་ཡོང་བ་སྔོན་འགོག་ཆེད་རྒྱ་ནག་གཞུང་གི་ངོས་ནས་དུར་འཇུག་གི་བྱ་རིམ་ཁག་མགྱོགས་མྱུར་ཐག་གཅོད་ཟིན་པ་བྱེད་རྒྱུ་ངེས་ནའང་། རྒྱ་ནག་མི་དམངས་ཀྱི་ངོས་ནས་ལི་ཁེ་ཆང་ནི་ད་ལྟ་དང་མི་འདྲ་བའི་མ་འོངས་རྒྱ་ནག་གི་བརྡ་མཚམས་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་གསུངས་ཡོད་པ་རེད། གཞན་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་དབྱིན་ཇིའི་སྦི་སྦི་སི་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་ནང་མངོན་གསལ་དོད་པོས་ཞི་ཇིན་པིང་དང་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་གྱི་གཏམ་བཤད་དང་རྣམ་འགྱུར་བསྟན་རྒྱུ་ཉེན་ཁ་ཆེ་བའི་རང་བཞིན་ཞིག་ཡིན་པར་བརྟེན། ལི་ཁེ་ཆང་འདས་པོ་ཁོང་ལ་མྱ་ངན་དང་གུས་འདུད་ཀྱི་རྣམ་འགྱུར་བསྟན་པའི་ཐོག་ནས་ད་ལྟའི་རྒྱ་ནག་གི་དབང་འཛིན་པ་ཚོའི་བྱ་སྟངས་ལ་མང་ཚོགས་ཀྱི་འདོད་པ་མེད་པའི་རྣམ་འགྱུར་ཤུགས་ཀྱི་མཚོན་ཐབས་བྱེད་བཞིན་ཡོད་པ་བརྗོད་འདུག
ལི་ཁེ་ཆང་གཟའ་འཁོར་སྔོན་མར་འདས་གྲོངས་སུ་ཕྱིན་སྐབས་ལོ་ན་༦༨ལས་ཟིན་མེད་ཅིང་། སྔ་ལོ་ལོ་ནའི་བབས་ཀྱི་ཐོག་ནས་དབང་ནུས་ཆེ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གི་ཚོགས་མི་ནས་རྒན་ཡོལ་དུ་ཕྱིན་ཡོད་པ་རེད།
ཨོཀསི་ཧྥོརཌ་(Oxford)་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་བསྟི་གནས་ཁང་གི་ཉམས་ཞིབ་པ་(George Magnus)་ལགས་ཀྱིས། ལི་ཁེ་ཆང་ནི་པེ་ཅིང་སློབ་ཆེན་ནས་འབུམ་རམ་པའི་སློབ་ཐོན་ཟིན་པ་ཞིག་ཡིན་སྟབས། རྒྱ་ནག་གི་འགོ་ཁྲིད་གཞན་ཚོ་ལས་མཐོང་རྒྱ་ཆེ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་གསུངས་ཤིང་། ཁོང་གིས་རྒྱ་ནག་གི་དཔོན་རིགས་དབང་ཚད་ཆེ་ཤོས་ཨང་གཉིས་པ་དེ་གནང་ཡོད་པ་དང་། ཁོང་ནི་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་དང་བློ་ཐག་ཉེ་བའི་དཔོན་རིགས་ཤིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་གསུངས་འདུག
རྒྱ་ནག་མི་དམངས་ཀྱིས་ལིས་ཁི་ཆང་ལ་མྱ་ངན་གདུང་སེམས་མཉམ་བསྐྱེད་བྱེད་དོན་ནི། ལི་ཁི་ཆང་ནི་དཔོན་རྒྱུད་ཅན་གྱི་ཞི་ཅིན་ཕེན་དང་མི་འདྲ་བར་མི་སེར་དཀྱུས་མའི་བུ་ཕྲུག་དང་། ཁོང་གིས་ནམ་རྒྱུན་དོ་ཁུར་བྱེད་ས་གཙོ་བོ་དེའང་ཕྱུག་པོ་མ་ཡིན་པའི་མི་སེར་དཀྱུས་མའི་བདེ་སྡུག་གཙོ་བཟུང་བྱ་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ལོ་གསུམ་གྱི་སྔོན་ལ་ལིས་ཁི་ཆང་གིས་གསར་འགོད་ལྷན་ཚོགས་ཞིག་གི་ཐོག རྒྱ་ནག་གི་མི་གྲངས་དུང་ཕྱུར་དྲུག་གི་ཟླ་རེའི་ཡོངས་བབས་རྒྱ་སྒོར་ཆིག་སྟོང་ལས་མེད་པ་དེ་ནི་ཟླ་རེའི་ཁང་གླ་ལའང་འདེང་ངེས་ཤིག་མིན་པ་གསུངས་ཡོད་པ་རེད།
ལི་ཁེ་ཆང་གིས་བོད་ཐོག་ལྟ་སྟངས་ནི་རྒྱ་ནག་གི་དཔོན་རིགས་གཞན་དང་གཅིག་མཚུངས་ཡིན་པར་མ་ཟད། ལི་ཁེ་ཆང་རྒྱ་ནག་གི་སྲིད་བློན་བྱས་པའི་དུས་ཡུན་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བའི་སྲིད་བྱུས་ལག་བསྟར་བྱས་པ་དང་དུས་མཉམ་འཁེལ་ཞིང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ཐོག་ལས་དོན་དམིགས་བསལ་བྱས་ཡོད་པ་གོ་རྒྱུ་མེད་པ་རེད།
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལི་ཡོན་སོགས་ཀྱིས་སྐུ་ཕུང་ལ་གུས་ཕྱག་གསུམ་རེ་ཕུལ་བ་དང་འགོ་ཁྲིད་ཟུར་པ་ཧུའུ་ཅིན་ཏའོ་ཡིས་ཀྱང་མེ་ཏོག་ཕྲེང་བ་ཕུལ་ནས་མྱ་ངན་ཞུས་པ་སོགས་བཀོད་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎