ལྷ་ས་ནས་ཨོ་དགའ་གློད་བཀྲོལ་བཏང་འདུག
2014.01.08
ལྷ་སའི་སྟོང་ལུང་ནས་དཀར་མཛེས་ཕྱོགས་ཀྱི་བོད་མི་ཆབ་སྲིད་བཙོན་པ་ཨོ་དགའ་ལགས་གློད་བཀྲོལ་བཏང་ཡོད་པ་རེད་འདུག
འདི་གའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་གནས་ཚུལ་བཏང་དོན། ༢༠༡༣ལོའི་ཟླ་༡པོའི་འགོ་སྟོད་ཙམ་ལ་དཀར་མཛེས་རྫོང་ཀ་རག་གྲོང་པའི་བོད་མི། རང་ལོ་༣༤ཙམ་ཡིན་པ་ཨོ་དགའ་ཞུ་བ་ཞིག་ལ་ལྷ་སའི་སྤྱི་བདེ་མི་སྣས་ཆབ་སྲིད་ཀྱི་གནད་དོན་འོག་འཛིན་བཟུང་གིས་ལྷ་ས་གྲོང་ཁྱེར་གྱི་རྒྱ་གཞུང་བཀག་ཉར་ཁང་ཞིག་ལ་བཅུག་འདུག དེ་ནས་འདྲི་རྩད་དང་ཉེས་རྡུང་ཚད་མེད་བཏང་རྗེས་ལོ་གཅིག་ཙམ་གྱི་དུས་བཀག་བཙོན་མཇུག་གི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པ་དང་། ཉེ་ཆར་ཟླ་བ་འདིའི་ཚེས་༤ཉིན་ཁོང་བཙོན་དུས་གཙང་རྗེས་གློད་བཀྲོལ་བཏང་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཨོ་དགའ་ཞུ་བ་ཁོང་སྔ་ལོ་ལྷ་སའི་སྤྱི་བདེ་མི་སྣས་གློ་བུར་འཛིན་བཟུང་བྱས་པའི་རྗེས་ཁོང་གི་དགའ་ཉེ་སྤུན་མཆེད་ཚོས་ཁོང་གར་ཡོད་ཤེས་རྟོགས་མེད་པར་འགྱུར་ཡོད་པ་དང་། ཟླ་ཤས་རྗེས་ཁོང་ལྷ་སའི་སྟོད་ལུང་བདེ་ཆེན་རྗོང་གི་བཙོན་ཁང་ཞིག་ནང་ལོ་གཅིག་དང་ཉིན་གསུམ་གྱི་དུས་བཀག་ཁྲིམས་ཚད་ཁུར་བཞིན་པ་ཤེས་རྟོགས་བྱུང་འདུག དེ་ལྟར་ཁོང་འཛིན་བྱེད་དགོས་ནི་ཁོང་གི་ཕ་དང་གཅེན་མོ་གཉིས་༢༠༠༩ལོར་དཀར་མཛེས་ཁུལ་དུ་ཞི་བའི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཡང་ཆབ་སྲིད་ཀྱི་ལས་འགུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན་པ་ཚོད་དཔག་བྱེད་བཞིན་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།