བཀྲས་མཐོང་ལྷག་སྒྲོན་ལགས་ལ་བྱ་དགའ།

བཀྲས་མཐོང་ལྷག་སྒྲོན་ལགས་ལ་ཇེམ་སི་ལོའོ་སེན་ཟེར་བའི་ཞི་བའི་ཐབས་ལམ་ཐོག་ནས་འཐབ་རྩོད་གྲུབ་འབྲས་ཐོབ་མཁན་གྱི་བྱ་དགའ་ཐོབ་པ།

2011.06.24

༄༅༎བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཟུར་པ་བཀྲས་མཐོང་ལྷག་སྒྲོན་ལགས་ལ་ཇེམ་སི་ལོའོ་སེན་ཟེར་བའི་ཞི་བའི་ཐབས་ལམ་ཐོག་ནས་འཐབ་རྩོད་གྲུབ་འབྲས་ཐོབ་མཁན་གྱི་བྱ་དགའ་ཐོག་མ་དེ་ཐོབ་ཡོད་འདུག

ཁ་ས་ཞི་བའི་ཐབས་ལམ་ཐོག་ནས་འཐབ་རྩོད་བྱེད་མཁན་གྱི་ཚོགས་པའི་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་ཚོགས་པ་དེའི་བྱ་དགའ་ཐོག་མ་ཇེམ་སི་ལོའོ་སེན་ཞེས་པ་དེ་འབུལ་བཞེས་མཛད་སྒོ་ཚུགས་ཡོད་པ་དང་ མཛད་སྒོ་དེའི་ཐོག་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ལས་འགུལ་སྤེལ་མཁན་བ་དང་ སློབ་ཕྲུག་ གསར་འགོད་པ་ འགོག་རྒོལ་བ་ ཆབ་སྲིད་བཙོན་པ་སོགས་མི་སྣ་མང་པོ་ཞིག་འདུ་འཛོམས་ཀྱི་ཐོག་ཚོགས་པ་དེའི་བྱ་དགའ་ཐོག་མ་ཇེམ་སི་ལོའོ་སེན་ཞེས་པ་དེ་གནང་ཡོད་པ་དང་ བྱ་དགའ་དེ་གནང་ཡུལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཟུར་པ་བཀྲས་མཐོང་ལྷག་སྒྲོན་ལགས་ཕུད་ དེ་མིན་བེུད་གཞན་གསུམ་ཡང་ཡོད་ཅིང་ ཁོང་ཚོ་ཚང་མ་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་ལས་འགུལ་བ་ཡིན་ཞིང་ བཀྲས་མཐོང་ལྷག་སྒྲོན་ལགས་སུ་བྱ་དགའ་གནང་བའི་སྐབས་ བྱ་དགའ་གནང་མཁན་ཚོགས་པའི་དབུ་ཁྲིད་ཀྱིས་ངོ་སྤྲོད་གནང་བའི་ནང་ལྷག་སྒྲོན་ལགས་ཀྱིས་བོད་དེ་རྒྱ་ནག་གི་དབང་བསྒྱུར་འོག་ནས་རང་བཙན་འཐོབ་རྒྱུར་དམིགས་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཙུགས་གནང་ཡོད་པ་མ་ཟད་ བོད་དོན་འཐབ་རྩོད་ཆེད་རྒྱ་ནག་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ནས་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་ནས་ཕྱིར་འབུད་བྱས་ཡོད་པ་དང་ དེ་བཞིན་གཞོན་སྐྱེས་ཚོར་ཞི་བའི་ཐབས་ལམ་ཐོག་ནས་གནད་དོན་ཐག་གཅོད་ཡོངས་ཐབས་སུ་སྤེལ་རྒྱུའི་ལས་འགུལ་ཟབ་སྦྱོང་གནང་གི་ཡོད་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་འདུག བཀྲས་མཐོང་ལྷག་སྒྲོན་ལགས་ཀྱིས་བྱ་དགའ་བཞེས་པའི་སྐབས་ཉིན་ཞིག་ང་ཚོར་རྒྱལ་ཁ་ཐོབ་རྒྱུར་ཁོང་གིས་ཡིད་ཆེས་གནང་གི་ཡོད་པ་གསུང་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎