༧གོང་ས་མཆོག་གཙོས་ནང་བའི་དབུ་ཁྲིད་རྣམ་པས་སྐུལ་མ་གནང་བ།


2015.10.30
སྲིད་སྐྱོང་དང་བཀའ་བློན་རྣམ་པས་༧གོང་ས་མཆོག་གི་གསུང་འཕྲིན་ལ་གཟིགས་བཞིན་པ། ༢༠༡༥།༡༠།༢༠ ༧གོང་ས་མཆོག་གིས་རྒྱལ་སྤྱིའི་དབུ་ཁྲིད་རྣམས་པའི་ལྷན་ཚོགས་ལ་གསུང་འཕྲིན་བསྩལ་བ་སྲིད་སྐྱོང་དང་བཀའ་བློན་རྣམ་པས་གཟིགས་བཞིན་པ། ༢༠༡༥།༡༠།༢༠
བསྟན་འཛིན་དོན་ཡོད།/RFA

ནང་བའི་དབུ་ཁྲིད་ཁག་གིས་གོ་ལ་ཚ་དྲོད་རྒྱས་པའི་རྒྱུ་རྐྱེན་ལ་གདོང་ལེན་བྱ་ཐབས་ཀྱི་གྲོས་མཐུན་གཏན་འབེབས་ཡོང་བའི་སྐུལ་མ་གནང་བ།
དེ་ཡང་༧སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་གཙོས་པའི་རྒྱལ་སྤྱིའི་ནང་པའི་དབུ་ཁྲིད་ཁག་གཅིག་ནས། རིང་མིན་ཧྥ་རན་སིའི་རྒྱལ་སར་ཚོགས་རྒྱུའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཁོར་ཡུག་གི་ལྷན་ཚོགས་སྐབས། ས་འོག་ནས་རྗེས་ཤུལ་འགྱུར་རྡོ་ལས་ཐོན་པའི་རྡོ་སྣུམ་བེད་སྤྱོད་ལ་སོགས་པའི་གོ་ལ་ཚ་དྲོད་རྒྱས་པའི་རྒྱུ་རྐྱེན་ལ་གདོང་ལེན་བྱ་ཐབས་ཀྱི་གྲོས་མཐུན་གཏན་འབེབས་ཡོང་བའི་སྐུལ་མ་གནང་འདུག
དེ་ནི་རིང་མིན་ཕྱི་ཟླ་༡༡པའི་ཚེས་༣༠ཉིན། ཧྥ་རན་སིའི་རྒྱལ་ས་པེ་རིས་ནང་། རྒྱལ་སྤྱིའི་དབུ་ཁྲིད་རྣམས་ལྷན་འཛོམས་ཀྱི་གོ་ལ་ཚ་དྲོད་རྒྱས་པའི་གནད་དོན་ལ་གདོང་ལེན་བྱ་ཐབས་སྐོར་ལྷན་ཚོགས་གནང་རྒྱུ་ཡིན་པ་རེད། ལྷན་ཚོགས་ཀྱི་སྔོན་ཚུད་དུ། དེ་རིང་ཚེས་༣༠ཉིན། Global Buddhist Climate Change Collectiveཞེས་ནང་པ་དང་ཆོས་ལུགས་རིས་མེད་ལས་གྲུབ་པའི་ཚོགས་པ་ཞིག་གིས། གོ་ལ་ཚ་དྲོད་ཀྱི་དཀའ་ངལ་སེལ་ཐབས་སུ། རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱི་ལྷན་ཚོགས་ནས་འགན་ཁུར་ཆེ་ཞེས་དགོས་པའི་སྐོར་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་གནང་འདུག
བསྒྲགས་གཏམ་དེའི་ཐོག་བོད་མིའི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་ཨེ་ཤེ་ཡ་དང་། ཧྥ་རན་སི། ཨ་རི་བཅས་ནས་ནང་པའི་ཚོགས་པ་ཁག་གི་དབུ་ཁྲིད་༡༥ཡི་མཚན་རྟགས་བཀོད་གནང་ཡོད་པ་རེད། ནང་པའི་དབུ་འཁྲིད་རྣམས་ཀྱིས་གོ་ལ་ཚ་དྲོད་རྒྱས་པའི་ཁོར་ཡུག་གི་གནད་དོན་འཚབ་ཆེ་འདི་བཞིན་མིས་བཟོས་པའི་དཀའ་ངལ་ལས་བྱུང་བ་ཞིག་དང་། དེ་ཡང་རང་བྱུང་ཁོར་ཡུག་ལ་གོ་རྟོགས་བསམ་ཞིབ་མེད་པར་སྣོད་བཅུད་ལ་ཚད་ལས་བརྒལ་བའི་བག་མེད་ལོངས་སྤྱོད་དང་། ཁོར་ཡུག་ལ་གནོད་ཚབ་ཆེ་བའི་ས་འོག་རྡུ་སྣུམ་ཀྱི་ནུས་ཤུགས་འཁོ་འདོན་མཚམས་མཇོག་མེད་པའི་བྱ་སྤྱོད་ལས་བྱུང་བཞིན་ཡོད་སྟབས།  ཁོར་ཡུག་ལ་གནོད་སྐྱོན་ཆེ་བའི་ཛ་དྲག་གི་དཀའ་ངལ་སེལ་ཐབས་སུ་འགྲོ་བ་མིའི་ཡོངས་ལ་འགན་ཁུར་གཅིག་མཚུངས་ཡོད་པ་ནན་བརྗོད་གནང་འདུག
དམིགས་དཀར་ནང་པའི་དབུ་ཁྲིད་རྣམས་པའི་བསྒྲགས་གཏམ་དེ་བརྒྱུད། རིང་མིན་ཧྥ་རན་སིའི་རྒྱལ་སར་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ནས། འཛམ་གླིང་ཚ་དྲོད་རྒྱས་པའི་དཀའ་ངལ་སེལ་ཐབས་སུ། རྒྱལ་སྤྱིའི་ཁྱོན་ཡོངས་སུ་Fossil Fuelའམ་ས་འོག་རྗེས་ཤུལ་འགྱུར་རྡོ་ལས་ཐོན་པའི་སྡོ་སྣུམ་གྱི་བེད་སྤྱོད་རིམ་བཞིན་མཚམས་མཇོག་བྱ་ཐབས་ཀྱི་འཆར་གཞི་བཀོད་བསྒྲིགས་ཀྱི་ལག་བསྟར་དང་། དེའི་ཚབ་ཏུ་རང་བྱུང་ཁོར་ཡུག་ལ་གནོད་ཚབ་ཆུང་བའི་དངས་གཙང་ཅན་གྱི་ནུས་ཤུགས་ཁོ་ན་བེད་སྤྱོད་བྱ་རྒྱུའི་གྲོས་མཐུན་མཇོག་གནང་དགོས་པའི་སྐུལ་ལྕགས་གནང་འདུག
ཉེ་ཆར་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་སྩལ་བའི་གསུང་འཕྲིན་གྱི་ནང་། འཛམ་གླིང་ནང་མིས་བཟོས་པའི་དཀའ་ངལ་མང་དག་ཅིག་ཡོད་པའི་ཁོངས་ནས་གཅིག་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དེ་ཡིན་ཞིང་། མིས་བཟོས་པའི་དཀའ་ངལ་དེ་དག་མིས་སེལ་ཐབས་བྱེད་དགོས་པ་ལས་སངས་རྒྱས་དང་དཀོན་མཆོག་ལ་སྨོན་ལམ་བཏབ་པ་ཙམ་གྱིས་སེལ་ཐུབ་ཐབས་མེད་པ་བཀའ་གནང་པ་དང་། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་དགུ་ཚིགས་ཀྱི་ཆགས་སྟངས་ཡོངས་རྫོགས་ལ་འགྱུར་བ་འགྲོ་བཞིན་ཡོད་པར་བརྟེན་འཛམ་གླིང་གྲུབ་གཞི་དང་ཉི་མའི་ཆགས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དེ་དག་དང་ཡང་འབྲེལ་ཡོད་སྲིད་པ་གང་ལྟར་འཛམ་གླིང་ནང་གི་ཁོར་ཡུག་ཐོག་གི་མཁས་པ་མང་པོས་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དེ་ནི་ཛ་དྲག་གི་དཀའ་ངལ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་རེད་ཅེས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ནི་ཡུལ་གྲུ་བྱེ་བྲག་པ་གཅིག་གཉིས་ཀྱི་གནད་དོན་ཞིག་མིན་པར་འཛམ་གླིང་ནང་འགྲོ་བ་མི་རིགས་ཡོངས་རྫོགས་ཀྱི་བདེ་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། དེ་དག་ལ་གདོང་ལེན་བྱ་རྒྱུའི་ལས་དོན་དེ་ཡང་ཧ་ཅང་གི་ཛ་དྲག་ཅིག་ཡིན་པར་ང་ཚོས་ངོས་ལེན་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་འདུག
ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་མིའི་མཁས་དབང་གཙོས་པའི་འཛམ་གླིང་གི་མཁས་པ་མང་པོས་བོད་ནི་འཛམ་གླིང་གི་སྣེ་གསུམ་པར་འབོད་བཞིན་ཡོད་ཅིང་། འདི་ནི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་མིན་པར་བོད་ས་མཐོའི་ཁོར་ཡུག་ནི་འཛམ་གླིང་ནང་གི་མི་ཐེར་འབུམ་ལྷག་གི་འཚོ་གནས་དང་འབྲེལ་བ་ཆགས་ཡོད་པ་རེད་ཅེས་དང་། དམིགས་བསལ་རྒྱ་ནག་ནས་པ་ཀིསི་ཐན་བར་རྒྱུགས་བཞིན་པའི་རྒྱུག་ཆུ་ཆེ་ཁག་གི་ཆུ་འགོ་བོད་ལ་ཡོད་ཅིང་། རྒྱུག་ཆུ་དེ་དག་ལ་མི་ཐེར་འབུམ་གཅིག་ཙམ་གྱི་འཚོ་རྟེན་བྱེད་བཞིན་ཡོད། དེར་བརྟེན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་སེམས་འཚབ་ཆེན་པོའི་ཐོག་ནས་བསམ་བློ་གཏོང་རྒྱུའི་དུས་ལ་བབས་ཡོད་ལ། བོད་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་འགྲོ་བཞིན་པ་དེས་ཡུལ་གྲུ་གཞན་གྱི་ཁོར་ཡུག་ལ་གནོད་སྐྱོན་གཏོང་བཞིན་ཡོད་པ་མཁས་པ་ཚོས་བརྗོད་བཞིན་ཡོད་སྟབས་གནད་དོན་འདི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་པ་རེད་ཅེས་བཀའ་གནང་འདུག
མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉི་ཤུའི་མི་རབས་ཧ་ལམ་རྫོགས་འགྲོ་གི་ཡོད་སྟབས། དུས་རབས་ཉི་ཤུ་རྩ་གཅིག་པའི་གཞོན་སྐྱེས་ཚོས་བོད་ཀྱི་གནམ་གཤིས་སྲུང་སྐྱོབ་ཆེད་དོ་སྣང་ཆེ་ཙམ་བྱེད་དགོས་པའི་བཀའ་སློབ་ཕེབས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎