༸གོང་ས་མཆོག་ཐེ་ལྦན་དུ་གདན་འདྲེན་ཞུ་་འཆར།
2012.07.01
༄༅༎ཕྱི་ཟླ་དྲུག་པའི་ཚེས་༣༠ ཉིན་ཐེ་ཝན་གྱི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་Lin Shih-Chia ཡིས་བོད་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐེ་ཝན་གྱི་གྲོས་ཚོགས་ཐོག་གསུང་བཤད་གནང་བར་གཞུང་འབྲེལ་གྱིས་ཐེ་ཝན་དུ་ཆིབས་བསྒྱུར་ཡོང་བའི་གདན་ཞུ་ཕུལ་རྒྱུའི་གྲོས་འཆར་བཏོན་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུངས་ཡོད་པ་རེད།
དེ་ཡང་ཐེ་ཝན་གྱི་གསར་ཤོག་Taipei Times ཞེས་པའི་དྲ་གནས་ཐོག་རེས་གཟའ་སྤེན་པའི་ཉིན་གནས་ཚུལ་བཀོད་པའི་ནང༌། བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་ཕྱི་ཚེས་༢༩ ཉིན་ཐེ་ཝན་གྱི་གྲོས་ཚོགས་ཐོག་བཙན་བྱོལ་བོད་གཞུང་དང༌། གཞུང་གི་སྲིད་ཇུས། བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོའི་གནས་སྟངས་སྐོར་གསུང་བཤད་གནང་གྲུབ་པའི་རྗེས། ལྕམ་Lin Shih-Chia དང་ཐེ་ཝན་དམངས་གཙོ་ཡར་རྒྱས་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ཤའོ་མའི་ཆིང་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་བདུན་གྱིས་བོད་རྒྱབ་སྐྱོར་གྱི་གསུང་བཤད་དང་འདྲི་བ་འདྲི་ལན་གནང་བའི་སྐབས། ལྕམ་Lin Shih –Chia ཡིས། བོད་མི་ཚོའི་རང་དབང་གི་འཐབ་རྩོད་ལ་གདུང་སེམས་ཉམས་སྐྱེད་མཚོན་ཆེད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་གྲོས་ཚོགས་སུ་གསུང་བཤད་གནང་བར་གདན་ཞུ་ཕུལ་རྒྱུར་ངོས་ནས་ཐེ་ཝན་གྲོས་ཚོགས་ཐོག་གྲོས་འཆར་བཏོན་རྒྱུ་ཡིན་ལ་ངོས་ནས། གྲོས་འཆར་དེར་གྲོས་ཚོགས་ཀྱི་འཐུས་མི་ཕྱག་རོགས་གཞན་ཚོའི་རྒྱབ་སྐྱོར་ཡོང་བའི་ས་ཡིག་བསྡུ་རུབ་ཀྱི་ལས་གཞི་འགོ་བཙུགས་ཏེ། རྗེས་མའི་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་ལ་གྲོས་འཆར་དེ་འདོན་ཐུབ་པའི་ཐུགས་རེ་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད། དེ་བཞིན་ཐེ་ཝན་དམངས་གཙོ་ཡར་རྒྱས་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ཤའོ་མའི་ཆིང་གིས། བོད་དང་ཐེ་ཝན་གཉིས་ནི་རྒྱ་ནག་གི་འཇིགས་སྐུལ་འོག་ཏུ་གནས་བཞིན་ཡོད་པ་དང༌། བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་ནི་ཐེ་ཝན་མི་དམངས་ཚོས་མྱོང་བཞིན་པ་ལས་ཧ་ཅང་གི་ཛ་དྲག་དང་མང་བ་མྱོང་བཞིན་ཡོད། བོད་མི་ཚོའི་ངོས་ནས་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་བློས་བཏང་སྟེ། ཧ་ལས་དགོས་པའི་བློས་བཏང་ཆེན་པོ་བྱེད་པ་དེ་ནི་། བོད་ནང་གི་ཡ་ང་བའི་གནས་སྟངས་གསལ་སྟོན་བྱེད་ཐབས་བྱེད་པ་ཡིན་ཞིང༌། ངོས་རང་ནས་བོད་ནང་གི་བོད་མི་ཚོའི་གནས་སྟངས་དེ་དག་མཐོང་དུས་ཡིད་སྐྱོ་དགོས་པ་ཞིག་ཡོང་གི་འདུག་ཅེས་གསུངས་ཡོད་པ་རེད།།