ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་འདུག
ཟླ་ ༢ ཚེས་ ༤ ཉིན་ཨིན་ཡུལ་རྒྱལ་ས་ལོན་ཌོན་དུ་ཨིན་ཡུལ་གྲོས་ཚོགས་འཐུས་མི་ཁྱོན་ ༢༡ ལས་འདུས་པའི་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་བྱུང་འདུག་ཅིང་། སི་ཀོཊ་ལེནྜ་རྒྱལ་ཡོངས་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Chris Law) ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་འདུག ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོའི་མཛད་སྒོའི་ཐོག གྲོས་ཚོགས་འཐུས་མི་བདུན་ནས་མཉམ་བཞུགས་ཐོག ཡོང་རྒྱུར་ཕྱི་ལོ་ ༢༠༢༥ ལོའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་། ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་འགྱུར་ནས་ལོ་ངོ་ ༣༠ ཧྲིལ་པོ་འཁོར་གྱི་ཡོད་པ། དེ་བཞིན་བོད་ཀྱི་ལོ་གསར་དུས་སྟོན་སྲུང་བརྩི་ཞུ་རྒྱུ་སོགས་ཀྱི་སྐོར་གྲོས་མོལ་གནང་འདུག
ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པ་ལྟར་ན། ཨིན་ཡུལ་ནི་བོད་དོན་ལ་རྒྱུས་མངའ་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པས། རྒྱལ་ཁབ་དེའི་ནང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ་བྱུང་བ་དེས། མ་འོངས་རྒྱལ་ཁབ་གཞན་ཚོར་བོད་དོན་ཐད་ལངས་ཕྱོགས་བཟུང་རྒྱུར་ཤུགས་རྐྱེན་ཐེབས་ངེས་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་མཛད་སྒོའི་ཐོག་ཨིན་ཡུལ་དོན་གཅོད་ནས། གྲོས་ཚོགས་མཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་དང་སྦྲགས། ཚོགས་པ་འདིའི་བརྒྱུད་བོད་ཀྱི་གནད་དོན་གསལ་སྟོན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཤུགས་ཆེར་སྤེལ་ཐུབ་པའི་རེ་བ་ཡོད་སྐོར་དང་། ཉེ་ལམ་བོད་དིང་རི་ཁུལ་དུ་ས་ཡོམ་རྐྱེན་པས་མི་རྒྱུ་གཉིས་ལ་གོས་ཆགས་ཚབ་ཆེན་ཕོག་ཡོད་སྐོར་སོགས་གྲོས་ཚོགས་འཐུས་མི་རྣམས་ལ་འགྲེལ་བརྗོད་གནང་འདུག་ཅིང་། ཨིན་ཡུལ་དུ་རྟེན་གཞི་བྱས་པའི་ (Free Tibet) ཞེས་བོད་རང་དབང་ཚོགས་པ་དང་། ཨིན་ཡུལ་བོད་རིགས་ཚོགས་པ། བོད་དོན་ལས་འགུལ་བསྟི་གནས་ཁང་བཅས་ཀྱི་སྐུ་ཚབ་རྣམས་ནས། བོད་མཐོ་སྒང་གི་ཁོར་ཡུག་དང་། (The British Museum) ཞེས་པའི་ཨིན་ཡུལ་འགྲེམས་སྟོན་ཁང་གིས་བོད་ལ་ཤིས་ཙང་ (Xizang) ཞེས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལྟར། འགྲེམས་སྟོན་ཁང་དེའི་དུས་ཐུང་འགྲེམས་སྟོན་ (Silk Roads) ཞེས་པའི་ཐོག་བཀོལ་སྤྱོད་བྱས་པ་སོགས་ཀྱི་ཐད་སེམས་ཚབས་གསལ་སྟོན་དང་། རྒྱ་ནག་གཞུང་གིས་རིག་གཞུང་བཙན་བསྒྱུར་གྱི་སྲིད་བྱུས་འོག་བོད་ཕྲུག་རྣམས་བཙན་དབང་གིས་གཏན་འཇགས་སློབ་གྲྭ་ཁག་ཏུ་སློབ་འཇུག་བྱེད་བཞིན་པའི་སྐོར་སོགས་ཛ་དྲག་གི་གནས་སྟངས་གསལ་སྟོན་གནང་ཡོད་པ་རེད།
ཐེངས་འདིའི་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག ཨིན་ཡུལ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ (David Alton) དང་། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Luke Akehurst)དང་། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་སྐུ་ཞབས་ (Blair McDougall)། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ (Jessica Morden) དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ (Seamus Logan)། རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Danny Kruger) བཅས་ལྷན་ཞུགས་གནང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།