མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་གི་སྐད་འབོད།
2010.10.22
༄༅༎མདོ་སྨད་འབའ་རྫོང་དང་པེ་ཅིན་ནང་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་གྲ་ཆེན་མོའི་སློབ་ཕྲུག་བརྒྱ་ཕྲག་བརྒལ་བས་ཕྱི་ཚེས་༢༢གྱི་སྔ་དྲོ་རྔམ་སྟོན་བྱས་ནས་སྐད་ཡིག་རང་དབང་དགོས་པའི་དགོས་འདུན་བཏོན་ཡོད་འདུག
ཕྱི་ཚེས་༡༩ཉིན་མདོ་སྨད་རེབ་གོང་ཁུལ་དུ་བོད་རིགས་སློབ་མས་རྒྱ་ནག་གཞུང་གིས་བོད་ཡིག་ཕུད་པའི་དེ་མིན་གྱི་སློབ་གྲའི་སློབ་གཞི་ཁག་རྒྱའི་སྐད་ཡིག་ནང་སློབ་ཁྲིད་བྱ་དགོས་རྒྱུའི་སྲིད་ཇུས་གསར་པ་ལག་བསྟར་བྱ་འཆར་ལ་མི་འདོད་པར་སློབ་མ་ཚོས་མི་རིགས་འདྲ་མཉམ་དང་སྐད་རིགས་རང་དབང་ཞེས་པའི་འབོད་སྒྲའི་འོག་ཞི་བའི་རྔམ་སྟོན་ཁྲོམ་བསྐོར་བྱས་པའི་གནས་སྟངས་དེ་རྒྱ་བསྐྱེད་དུ་ཕྱིན་ནས་ཕྱི་ཚེས་༢༢ཉིན་མཚོ་ལྷོ་ཁུལ་གྱི་འབའ་རྫོང་དུ་ཡང་སྐད་ཡིག་རང་དབང་དགོས་པའི་དགོས་འདུན་གྱི་རྔམ་སྟོན་ཁྲོམ་བསྐོར་བྱས་ཡོད་པ་མ་ཟད་ པེ་ཅིན་དུ་ཡོད་པའི་རྒྱ་ནག་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་བརྒྱ་ཕྲག་བརྒལ་བས་ཕྱི་ཚེས་༢༢ཉིན་གྱི་སྔ་དྲོའོ་ཚོུད་༡༢ཀྱི་གཡས་གཡོན་དུ་སློབ་གྲའི་ནང་རྔམ་སྟོན་བྱས་ནས་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་གྱི་དགོས་འདུན་བཏོན་ཡོད་པ་དང་ མི་རིགས་སློབ་གྲ་ཆེན་མོའི་སློབ་སྤྱི་དང་སློབ་གྲའི་གུང་ཁྲན་ཚོགས་པའི་དྲུང་ཆེ་སོགས་ཀྱིས་བོད་ཡིག་གི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་སློབ་མ་ཚོ་དང་ཐུག་འཕྲད་གནང་སྟེ་ ཁོང་ཚོའི་དགོས་འདུན་ཡིག་ཐོག་ནས་སློབ་གྲའི་འབྲེལ་ཡོད་ལ་སྐྱེལ་དགོས་པ་དང་ སློབ་ཕྲུག་ཚོའི་དགོས་འདུན་སློབ་གྲའི་དཔོན་རིགས་ནས་འབྲེལ་ཡོད་ཆེས་མཐོའི་ལས་ཁུངས་ལ་སྙན་སེང་ཞུ་རྒྱུའི་ཁས་ལེན་ཡང་གནང་ཡོད་པའི་སྐོར་ཨའ་ཕིའི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་འཁོད་འདུག
དེ་བཞིན་བོད་ཡིག་ཐོབ་ཐང་རྩོད་ལེན་སྐོར་གྱི་གནས་ཚུལ་མང་པོ་ཞིག་དྲ་རྒྱ་བརྒྱུད་ནས་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་ དྲ་རྒྱའི་ཐོག་བོད་རིགས་སློབ་མ་ཚོས་བརྗོད་དོན་ལྟར་ན་ སྐད་ཡིག་ནི་མི་རིགས་ཀྱི་མཚོན་རྟགས་ཤིག་དང་ཤ་རུས་ཀྱི་འབྲེལ་བའི་ནང་གཏིང་ཟབ་ཤོས་དང་མེད་པ་བཟོ་ཐབས་བྲལ་བའི་ཆ་ཤས་ཤིག་རེད་ཅེས་དང་ ད་དུང་དྲ་རྒྱའི་ནང་བོད་མི་སློབ་ཕྲུག་ཁག་ཅིག་གིས་ རྒྱ་མིས་གོང་ཏུང་སྐད་ཀྱི་ཆེད་ཁྲོམ་གཞུང་ཐོག་སྐྱོད་ཆོག་པ་དང་ རྒྱལ་སྤྱིའི་དོ་སྣང་བྱུང་ན་ཡང་བགེགས་མེད་བདེ་གནས་ཡིན་པས་ བོད་མིས་ཀྱང་བོད་ཡིག་ཆེད་ཁྲོམ་གཞུང་ཐོག་སྐྱོད་ཆོག་ལ་དོ་སྣང་བྱུང་ན་ཡང་བདེ་གནས་ཆོག་པ་རེད་ དེ་མིན་ན་མི་རིགས་འདྲ་མཉམ་རྩ་བ་ནས་མེད་པ་རེད་ཅེས་དང་ད་དུང་སློབ་ཕྲུག་ཁག་ཅིག་གིས་དྲ་ཚིག་ཐོག་སྐད་ཡིག་ནི་མིའི་རིགས་ཀྱི་གལ་འགངས་ཆེ་བའི་ལག་ཆ་ཞིག་ཡིན་པ་དང་ དེ་ལ་མི་ཚང་མས་རང་སོ་སོའི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་དང་འོས་འགན་ཡོད་ཅིང་ སྤྱིར་བོད་ཡིག་དེ་འཛམ་གླིང་ཡོངས་ཀྱིས་བེད་སྤྱོད་བྱེད་པའི་སྐད་ཡིག་ཤིག་མིན་ཡང་ བོད་སྐད་དེ་ཡང་འཛམ་གླིང་གི་སྐད་ཡིག་གྲས་སུ་ཚུད་ཀྱི་ཡོད་པས་ ཚང་མས་རང་འགུལ་གྱིས་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་སོགས་གླེང་སློང་མང་པོ་བྱེད་བཞིན་ཡོད་འདུག
ཨེ་པི་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་པར་གཞིགས་ན་ གཟའ་པ་སངས་ཉིན་གསར་འགྱུར་བརྒྱུད་ལམ་དེའི་གསར་འགོད་པས་མདོ་སྨད་རེབ་གོང་དང་དེ་མིན་རྔམ་སྟོན་ཁྲོམ་བསྐོར་བྱེད་སའི་ས་ཁུལ་གཞན་ཁག་ཚང་མའི་འབྲེལ་ཡོད་དཔོན་རིགས་དང་ཉེན་རྟོག་ལས་ཁང་དུ་འབྲེལ་བ་བྱས་ཏེ་གནས་ཚུལ་སྐད་ཆ་དྲི་དུས་ དེའི་སྐོར་གནས་ཚུལ་བཤོད་རྒྱུར་ཁས་ལེན་བྱེད་མཁན་གཅིག་ཀྱང་མེད་པ་ཁ་གཅིག་གྲགས་ཡིན་ཞིང་ དེའི་ཐོག་ནས་རྒྱ་ནག་གཞུང་གིས་གནས་ཚུལ་དེ་ཕྱིར་བསྒྲགས་རྒྱུར་བཀག་སྡོམ་བྱས་ཟིན་པའི་མཚོན་རྟགས་ཤིག་ཡིན་པ་འཁོད་འདུག