ཤག་རོང་པོ་བླ་མ་ཕྱིར་དགོན་པར་ཕེབས་བཅུག་འདུག
2014.08.11
རྒྱ་ནག་གི་དམ་དྲག་འོག་ཡོད་པའི་ཤག་རོང་པོ་བླ་མ་ཕྱིར་དགོན་དུ་ཕེབས་བཅུག་པ་དང་བཀའ་ཆོས་གནང་བཅུག་ཡོད་འདུག
དེ་ཡང་ངག་དབང་ཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་དོན། སྤྱི་ཟླ་༨ཚེས་༥ལ་སེར་སྐྱ་མང་ཚོགས་ཚོས་རེ་སྐུལ་ཞུས་པ་ལྟར། རྒྱ་གཞུང་གི་དམ་དྲག་འོག་ཡོད་པའི་བླ་མ་ཟླ་བ་ཕྱིར་ཤག་རོང་པོ་དགོན་དུ་ཕེབས་ཆོག་པའི་ཆོག་མཆན་སྤྲད་ཐོག་ས་གནས་མི་མང་ལ་བཀའ་དབང་དང་གསུང་ཆོས་གནང་བཅུག་ཡོད་པ་དང་། སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་ཁ་བཏགས་ཁྱེར་ནས་དགའ་དད་ཆེན་པོས་ཟླ་བ་བླ་མ་མཁྱེན་རབ་དབང་ཕྱུག་བསམ་གཏན་བསྟན་པའི་རྒྱལ་མཚན་ལ་ཕེབས་བསུ་ཞུས་ཡོད་འདུག
ཕྱི་ལོ་༢༠༡༠ ཟླ་༥ པའི་༡༧ཉིན་རྒྱ་ནག་གཞུང་གིས་ཤག་རོང་པོ་དགོན་པའི་བླ་མ་ཟླ་བ་ལགས་ལ། ལྔ་པའི་ཉི་ཤུའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མིང་འདོགས་དང་། རོང་པོ་ཆེས་རྗེ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་རྩད་གཅོད་ཐད་༧གོང་ས་མཆོག་དང་འབྲེལ་བ་བྱས་པའི་ཉེང་མིང་འོག་ལྷ་སར་འཛིན་བཟུང་བྱས་པ་མ་ཟད། ལོ་བདུན་ཁྲིམས་ཐག་བཅད་ཡོད་པ་རེད། ཕྱིས་སུ་བླ་མ་ཁོང་སྐུའི་སྙུང་གཞི་དང་དགུང་ལོའི་བབ་ཀྱིས་རང་ཁྱིམ་དུ་སྨན་བཅོས་བྱེད་རྒྱུའི་གོ་སྐབས་སྤྲད་ཡོད་ཀྱང་ནག་ཆུ་ཐོ་སྒོ་ལ་མན་ཆད་དུ་འགྲོ་བསྐྱོད་མི་ཆོག་པ་དང་། རྒྱུན་དུ་འདྲི་བརྩད་དང་ལྟ་ལྟོག་འོག་བཞུགས་དགོས་བྱུང་ཡོད་འདུག དེ་དང་མཉམ་དུ་དགོན་པའི་ལས་སྣེ་གྲྭ་དུང་ཕུག་དང། ངག་དབང་བྱང་ཆུབ། གྲྭ་ངག་དབང་ཐོགས་མེད། མི་སྐྱ་བཀྲ་ཤིས་དོན་གྲུབ་བཅས་འཛིན་བཟུང་བྱས་པ་དེ་དག་རྗེས་སུ་རིམ་བཞིན་གློད་གྲོལ་བཏང་ཡོད་ཀྱང་། ངག་དབང་ཐོག་མེད་དང་མཁྱེན་རབ་ཐོག་མེད་གཉིས་ལོ་གཉིས་རིང་ལྷ་སར་བཙོན་འཇུག་བྱས་པའི་རྗེས་སུ་གློད་གྲོལ་བཏང་ཡོད་པ་རེད།
ནག་ཆུ་ས་ཁུལ་དུ་དགོན་སྡེ་བརྒྱ་དང་བཅུ་གསུམ་ཡོད་པའི་ནང་ནས་ཤག་རོང་པོ་དགོན་དེ་ཉིད་ལྷོད་གཡེང་གཏོང་མི་རུང་བའི་ནག་ཉེས་ཆེ་བའི་དགོན་པ་ཨང་དང་པོ་དེ་རེད་ཟེར་
མྱོང་ཡོད་པ་རེད་ཅེས་ས་གནས་ནས་འགྲེལ་བརྗོད་གནང་ལུགས་ངོ་སྤྲོད་བྱས་འདུག
གསར་འགོད་པ་ཚེ་བརྟན་རྡོ་རྗེ།