བསོད་ནམས་དབང་ཕྱུག་ལགས་གཙོས་ལས་འགུལ་བ་ཚོས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག
2024.10.15
དེ་ཡང་ཕྱི་ལོ་༢༠༢༤ལོའི་ཟླ་༩བའི་ཚེས་༡ནས་བཟུང་། ལ་དྭགས་ཡུལ་མི་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས་གཙོས་པའི་ལ་དྭགས་མི་མང་༡༥༠ཙམ་ཞིག་གིས། ལ་དྭགས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་ཟླ་བ་གཅིག་ལྷག་ཙམ་རིང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། ད་ཆ་ལས་འགུལ་བ་༢༥ཡིས་ལ་དྭགས་བྷ་ཝན་གྱི་མདུན་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་ཀྱིས་མུ་མཐུད་དུ་ལས་འགུལ་སྤེལ་བཞིན་པ་དང་། ཁོང་ཚོའི་ངོ་རྒོལ་ལས་འགུལ་གྱི་དགོས་འདུན་ཁག་ནི་ལ་དྭགས་ལ་རང་སྐྱོང་གི་མངའ་སྡེའི་ཐོབ་ཐང་དགོས་བ་དང་། ལ་དྭགས་རང་སྐྱོང་ལྗོངས་དེ་རྩ་ཁྲིམས་ཀྱི་ལེའུ་དྲུག་པའི་ནང་འཇུག་དགོས་པའི་རེ་སྐུལ་ཞུས་ནས་ཕྱི་ཟླ་༡༠ཚེས་༦་ཉིན་ནས་ཟས་བཅད་ངོ་རྒོལ་ཀྱི་ལས་འགུལ་སྤེལ་འདུག འདི་ཚེས་༡༥ཉིན་བསོད་ནམས་དབང་ཕྱུག་ལགས་ཀྱིས་ཁོང་ཚོས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ད་ཆ་ཉིན་༡༠པ་དེ་ཆགས་ཀྱི་ཡོད། རྒྱ་གར་གཞུང་གིས་ང་ཚོའི་དགོས་འདུན་ཁག་ལ་བརྡ་ལན་མ་གནང་བར་དུ་ཞི་བའི་ངོ་རྒོལ་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྩ་བའི་ཆ་ནས་རྒྱ་གར་གྱི་རྩ་ཁྲིམས་ཀྱི་ལེའུ་དྲུག་པའི་ནང་། རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་སཱམ་དང་མེག་གྷ་ལ་ཡ། ཊི་རི་པུ་ར། མི་ཛོར་རམ་བཅས་ཀྱི་ཡུལ་ལུང་གི་ས་ཁུལ་འཛིན་སྐྱོང་བྱེད་ཕྱོགས་ཀྱི་ཆ་རྐྱེན་བཀོད་ཡོད་པ་མ་ཟད། ས་ཁུལ་དེ་དག་རང་དབང་ངང་འཛིན་སྐྱོང་བྱེད་པར་ཁྲིམས་བཟོ་དང་། ཁྲིམས་ཞིབ། འཛིན་སྐྱོང་། དཔལ་འབྱོར་བཅས་ཀྱི་དབང་ཆ་ལྡན་པའི་རང་སྐྱོང་ལྷན་ཚོགས་ཀྱང་རྩ་འཛུགས་བྱས་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཐར་འདོད།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།