བླ་བྲང་བཀྲ་ཤིས་འཁྱིལ་དགོན་ཆེན་དུ་ཕྱི་མི་འགྲོ་འོང་ཐད་དམ་དྲག་བྱེད་བཞིན་འདུག

2021.01.25
བླ་བྲང་བཀྲ་ཤིས་འཁྱིལ་དགོན་ཆེན་དུ་ཕྱི་མི་འགྲོ་འོང་ཐད་དམ་དྲག་བྱེད་བཞིན་འདུག བླ་བྲང་དགོན་པའི་དོ་དམ་ཁང་གི་མིང་ཐོག་ནས་བཏང་བའི་བརྡ་ཐོ། ༠༡།༢༠༢༡
བོད་འབྱོར།

བོད་ནང་བསྐྱར་དུ་ཏོག་དབྱིབས་ནད་ཡམས་ཁྱབ་ཉེན་ལ་ཁ་གཡར་ནས་རྒྱ་ནག་གཞུང་གིས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་ཆེན་དུ་འགྲོ་འོང་ལ་དམ་དྲག་བྱེད་བཞིན་ཟེར།
རྒྱ་ནག་ནང་བསྐྱར་དུ་(Covid-19)ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱིས། ཞིང་ཆེན་ཁག་ཅིག་གི་ནང་འགྲོ་བསྐྱོད་བཀག་སྡོམ་བྱེད་བཞིན་པ་དང་མཚུངས། བོད་ནང་གི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་གྲས་བླ་བྲང་བཀྲ་ཤིས་འཁྱིལ་དུའང་། ནམ་རྒྱུན་ཆོས་མཇལ་བ་དང་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོང་གི་ཡོད་པ་རྣམས། ཏོག་དབྱིབས་རིམས་ནད་ལ་བརྟག་དཔྱད་བྱས་བའི་མཇུག་འབྲས་སོགས་མེད་པར། དགོན་པའི་ནང་འགྲོ་མི་ཆོག་ཅེས། བླ་བྲང་དགོན་པའི་དོ་དམ་ཁང་གི་མིང་ཐོག་ནས་བརྡ་ཐོ་བཏང་ཡོད་ནའང་། དེ་ནི་རིམས་ནད་ལ་ཁ་གཡར་པ་ཙམ་ལས་དོན་གྱིས་སྨོན་ལམ་ཆེན་མོ་སླེབས་ལ་ཉེ་བར་བརྟེན། རྒྱ་ནག་གཞུང་གིས་ཆེད་དུ་དམ་དྲག་བྱེད་བཞིན་པ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཁོང་གིས་ཡིག་ཆ་དེ་ནི། བླ་བྲང་དགོན་པའི་དོ་དམ་ཁང་དང་། དགོན་པའི་ནང་བཅའ་སྡོད་རྒྱ་ནག་གཞུང་གི་བདེ་འཇགས་ཉེན་རྟོག་རུ་ཁག་མཉམ་རུབ་ཐོག་ནས་བཀྲམས་པ་དང་། ཕྱི་ནས་ཡོང་མཁན་ཚོར་ནད་ཡམས་ཡོད་རྟག་དཔྱད་དགོས་བ་སོགས་འགྲོ་ལུགས་འགྲོ་སྟངས་མང་པོ་ཞིག་བསྒྲུབ་དགོས་པ་བཀོད་ཡོད་ལུགས་འགྲེལ་བརྗོད་གནང་གི་འདུག
བླ་བྲང་དགོན་པའི་བརྡ་ཐོ་ཡི་གེ་དེའི་ནང་། “ཞིང་ཆེན་དང་ཁུལ། རྫོང་རིམ་པའི་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་བྱ་བའི་འབྲེལ་ཡོད་བརྡ་ཡིག་གཞིར་བཟུང་ནས། བླ་བྲང་དགོན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཡག་པོ་སྒྲུབ་ཆེད། རིམས་ནད་ཕྱི་ནས་འགོ་རྒྱུ་སྔོན་འགོག་དང་ནང་དུ་བསྐྱར་ལོག་སྔོན་འགོག་བྱེད་པའི་བྱ་བ་མུ་མཐུད་དམ་འཛིན་ནན་པོ་དང་། རིམས་འགོག་ཐབས་ཇུས་དོན་འཁྱོལ་བྱ་ཆེད། གཤམ་གསལ་བརྡ་ཐོ་འདི་བཏང་བ་ཡིན། གཅིག། ཕྱི་ནས་ཡོང་བའི་མི་དང་ཡུལ་སྐོར་བ་གང་ཡིན་རུང་བླ་བྲང་དགོན་པར་ཡོང་སྐབས། ངེས་པར་དུ་ཀན་སུའུ་ཞིང་ཆེན་ཆེན་གྱི་བདེ་ཐང་འགྲོ་འོང་ཨང་གྲངས་དང་། རྒྱལ་ཡོངས་མི་སྒེར་རིམས་འགོག་ཆ་འཕྲིན་ཨང་གྲངས། ཉིང་སྐྱུར་ཞིབ་དཔྱད་བྱས་པའི་མཇུག་འབྲས་བཅས་མཁོ་འདོན་བྱ་དགོས།
གཉིས། རིམས་ནད་སྔོན་འགོག་གི་སྐབས་འདིར། གྲྭ་པ་དང་དད་ལྡན་མང་ཚོགས། ཡུལ་སྐོར་བ་སོགས་ཚང་མས་ཁ་ཐུམ་བརྒྱབ་ནས་བླ་བྲང་དགོན་པར་འགྲོ་འོང་བྱེད་དགོས།
གསུམ། ཕྱི་ནས་ཡོང་བའི་རླངས་འཁོར་དང་དགོན་པ་འདིའི་མིན་པའི་རླངས་འཁོར། བླ་བྲང་དགོན་པའི་ནང་གཅིག་ཀྱང་ཡོང་མི་ཆོག་”ཅེས་གསལ་འདུག
བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་ནི། མདོ་སྨད་མདོ་ལྷོའམ་ཀན་ལྷོ་བསང་ཆུ་རྫོང་དུ་ཡོད་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་དྲུག་གི་ཡ་གྱལ་ཡིན་པ་མ་ཟད། དེང་སང་བོད་ནང་གི་དགེ་ལུགས་པའི་ཆེ་ཤོས་ཤིག་དང་། ནང་དོན་རིག་པ་ལ་སློབ་གཉེར་བ་མང་ཤོས་ཀྱི་དགོན་སྡེ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པས། དད་ལྡན་མི་མང་དང་ཕྱི་རྒྱལ་ཡུལ་སྐོར་པ་བ་སོགས་འདུ་འཛོམས་ཆེ་ཤོས་ཀྱི་ས་གནས་ཤིག་ཆགས་ཡོད་ཅིང་། ཉེ་ལམ་ཨར་ཇཱན་ཊི་ནཱ་རྒྱལ་ཁབ་ནས་ནང་འདྲེན་བྱས་བའི་གླང་ཤའི་ཐོག་ཏོག་དབྱིབས་རིམས་ནད་ཡོད་པ་ར་འཕྲོད་པ་དང་། གླང་ཤ་དེ་ཚོ་བོད་མདོ་སྨད་ཀྱི་ས་ཁུལ་མང་པོར་ཁྱབ་ཡོད་པ་མ་ཟད། ལྷག་པར་བླ་བྲང་བསང་ཆུ་རྫོང་དང་ཁུལ་གཅིག་པ་ཡིན་པ། ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་ནང་གླང་ཤ་དེ་བཙོང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎