ཀིརྟི་སྒྲོལ་དཀར་ལྷ་མོའི་ཚབ་ལ་བར་མའི་འོས་བསྡུ།
2013.12.06
མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ནས་དགོངས་པ་ཞུས་བའི་ཚབ་ལ་བར་མའི་འོས་བསྡུ་བྱ་རྒྱུ་ཡིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་བོད་ཀྱི་དུས་བབ་ལ་བརྗོད་དོན། མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ནས་དགོངས་པ་ཞུས་བའི་ཚབ་ལ་སྒུག་ཐོ་ཡོད་པ་མ་རེད། བཅའ་ཁྲིམས་དོན་ཚན་ ༥༧ ནང་སྤྱི་འཐུས་ལས་ཐོག་ནས་དགོངས་པ་ཞུས་ན་དེར་སྒུག་ཐོ་མེད་ཚེ། ཉིན་ ༡༨༠ ཡི་ནང་དུ་དེའི་ཚབ་ལ་འདམ་དགོས་པ་རེད། འོན་ཀྱང་། འོས་བསྡུའི་སྒྲིག་གཞི་དོན་ཚན་༥༡པའི་ནང་གསེས་༢པའི་ནང་། སྤྱི་འཐུས་ལས་རྒྱུན་གྱི་རིང་ལ་ས་མིག་སྟོང་པ་ཐོན་ན་བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོ་ནས་བསྐོ་བཞག་བྱ་རྒྱུ་ཞེས་བཀོད་ཡོད་པར་བརྟེན། བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་ཏོག་ཙམ་མི་མཐུན་པར་གྱུར་ཡོད། སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་ཡོད། སྤྱི་འཐུས་ཐོབ་མེད་ན་ཡང་སྒུག་ཐོ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་བསམ་ནས་སྤྱི་འཐུས་ཚོགས་གཞོན་ལ་བཀའ་འདྲི་ཞུས་དུས། དེ་འགྲིག་གི་མེད་སྟབས་བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད་ཅེས་དང་། ཡང་དེ་སྔོན་གྱི་ཐག་གཅོད་ལྟར་སྤྱི་འཐུས་གང་རུང་ཞིག་གིས་རྩ་དགོངས་ཞུས་ཚེ་བསྐྱར་འདམ་མི་དགོས་པའི་ཐད་ཁོང་གིས། སྐབས་བཅོ་ལྔ་པའི་སྤྱི་འཐུས་དེ་ཚོ་བདམས་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། ད་ཐེངས་དགོངས་པ་ཞུ་མཁན་དེ་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་འབྲེལ་བ་ཡོད་སྟབས་། སྐབས་བཅོ་ལྔ་པའི་སྤྱི་འཐུས་ལ་བསླེབ་རྒྱུར་བརྒྱ་ཆ་དེ་ལོན་དགོས་ཀྱི་ཡོད་པ་རེད་ཟེར། ཡང་ཐེངས་འདིའི་བར་མའི་འོས་བསྡུ་ལ་བརྒྱ་ཆ་ལོངས་དགོས་པའི་ཆ་རྐྱེན་གང་ཡང་ཡོད་པ་མ་རེད། གང་ཡིན་ཟེར་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་གནང་ཚར་བ་རེད། ཐེངས་འདིར་བརྒྱ་ཆ་དགོས་ཀྱི་མེད་དུས་འོས་ཤོག་མང་ཤོས་ཐོབ་མཁན་རྩེ་ཏོག་བྱ་རྒྱུ་ཡིན་ཞེས་འབྲེལ་བརྗོབ་བྱས་ཡོད། དེ་ལྟར་ན། དགོངས་པ་ཞུས་པའི་སྤྱི་འཐུས་དང་། གདམ་བྱའི་སྤྱི་འཐུས་དེ་སྐབས་བཅོ་ལང་བའི་འཐུས་མི་ཡིན་པ་གཅིག་མཚུངས་ཡིན་ཡང། སྒུག་ཐོ་ལས་བདམས་ན་བརྒྱ་ཆ་ལོངས་དགོས་པ་དང་། བར་མའི་འོས་བསྡུ་ལ་བརྒྱ་ཆ་ལོངས་མི་དགོས་པ་དེ་འགལ་ཟླར་གྱུར་ཡོད། སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་འོས་འདེམས་ཀྱི་མཇུག་འབྲས་སྒུག་ཐོ་ལྟར་ན་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟུར་བ་ཀླུ་མཁར་བྱམས་ཐོན་ཡོད་པ་རེད་འདུག
གསར་འགོད་པ་སྟག་ལྷ་རྒྱལ།