མེ་ཤུགས་འཕུར་མདེལ་གྱི་དྲག་རྒོལ་གནས་སྐབས་ཕྱིར་འཐེན་བྱས་འདུག


2017.08.21
བྱང་ཀོ་རི་ཡའི་དབུ་ཁྲིད་Kim Jong-Unརྒྱང་ཐག་རིང་པོར་སྙོབས་ཐུབ་པའི་མེ་ཤུགས་འཕུར་མདེལ་གཏོང་སྐབས། ༢༠༡༦།༢།༧ བྱང་ཀོ་རི་ཡའི་དབུ་ཁྲིད་Kim Jong-Unརྒྱང་ཐག་རིང་པོར་སྙོབས་ཐུབ་པའི་མེ་ཤུགས་འཕུར་མདེལ་གཏོང་སྐབས། ༢༠༡༦།༢།༧
KCNA

འདས་པའི་ཉིན་གྲངས་འགའ་ཤས་རིང་བྱང་ཀོ་རི་ཡས་ཞི་བདེ་རྒྱ་མཚོའི་ནང་ཡོད་པའི་ཨ་རིའི་མཚོ་གླིང་Guam་ཟེར་བའི་ཐོག་མེ་ཤུགས་འཕུར་མདེལ་གྱི་དྲག་རྒོལ་བྱེད་རྒྱུའི་སྡིག་སྐུལ་བྱས་ཡོད་ཀྱང༌། ད་ཆ་འཆར་གཞི་དེ་སྔ་འཕྲོས་རིང་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག
དེ་ཡང་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སུ་ཡོད་པའི་Guam་ཟེར་བའི་མཚོ་གླིང་དེ་ཨ་རིའི་ས་ཁོངས་ཤིག་ཡིན་པ་མ་ཟད། མཚོ་གླིང་དེ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཨ་རིའི་མཁའ་དམག་དང་མཚོ་དམག་གི་རྟེན་གཞི་ཆེ་ཤོས་ཤིག་ཀྱང་ཆགས་ཀྱི་ཡོད་པར་བརྟེན། འདས་པའི་ཉིན་གྲངས་འགའ་ཤས་རིང་བྱང་ཀོ་རི་ཡའི་འགོ་ཁྲིད་ Kim Jong-Un ་དང་ཨ་རིའི་སྲིད་འཛིན་Donald Trump ་དབར་ཕན་ཚུན་དམག་འཐབ་ཀྱི་ཉེན་བརྡ་གཏོང་རེས་བྱེད་པའི་སྐབས། བྱང་ཀོ་རི་ཡས་ཉི་ཧོང་གི་མཁའ་ལམ་རྒྱུད་ཨ་རིའི་ Guam ་མཚོ་གླིང་ཐོག་མེ་ཤུགས་འཕུར་མདེལ་བཞི་ཡིས་གཏོར་རྒོལ་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་དེ་ལྟར་ཡང༌། འདི་ཚེས་ ༡༤ ་ཉིན་བྱང་ཀོ་རི་ཡའི་འགོ་ཁྲིད་ Kim Jong-Un ་གྱིས་ཡུལ་དེའི་མེ་ཤུགས་འཕུར་མདེལ་དམག་རྒྱག་གྲ་སྒྲིག་ལ་རྟོག་ཞིབ་བྱེད་པའི་སྐབས། ཀོ་རི་ཡའི་ཕྱེད་གླིང་ནང་ཉེན་ཚབས་ཅན་གྱི་དམག་འཐབ་གཡོལ་ཐབས་སུ་ང་ཚོས་ཨ་རིའི་གླེན་རྟགས་དང་ལྐུག་པ་ཨུ་ཚུགས་ཀྱི་བྱ་སྤྱོད་ལ་འགྱུར་བ་གཏོང་རྒྱུའི་དུས་ཚོད་ཏོག་ཙམ་སྤྲོད་ཀྱི་ཡིན། གལ་སྲིད་ཨ་རིའི་ཉེན་ཚབས་ཅན་གྱི་བྱ་སྤྱོད་དེར་འགྱུར་བ་མ་བཏང་བ་ཡིན་ཚེ། ང་ཚོའི་དེའི་སྔོན་དུ་གསལ་བསྒྲགས་བྱས་པ་བཞིན་ Guam ་མཚོ་གླིང་ཐོག་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་རྒྱུ་ཡིན་ཅེས་བཤད་ཡོད་སྐོར་བྱང་ཀོ་རི་ཡའི་གཞུང་འབྲེལ་ KCNA གསར་འགྱུར་ལང་ཁང་གིས་གནས་ཚུལ་ཕྱི་བསྒྲགས་བྱས་ཡོད་པར་བརྟེན། གནད་དོན་ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡའི་གསལ་བསྒྲགས་འདིས་ད་ལྟའི་ཛ་དྲག་གི་གནས་སྟངས་ཀྱི་ཚད་གཞི་ཆུང་དུ་གཏོང་རྒྱུའི་ལམ་ཁ་ཕྱེ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ། དེ་བཞིན་བྱང་ཀོ་རི་ཡའི་གཏམ་བཤད་དེའི་དམིགས་ཡུལ་གཅིག་ནི། ལོ་ལྟར་ཟླ་བ་འདིའི་ཟླ་མཇུག་ཏུ་ལྷོ་ཀོ་རི་ཡ་དང་ཨ་རི་ཟུང་འབྲེལ་གྱི་ཐོག་ནས་དམག་སྦྱོང་ཞི་རྒྱ་ཆེན་པོ་ཞིག་བྱེད་སྲོལ་ཡོད་པ་དེ་མཚམས་འཇོགས་ཡོང་བའི་རེ་བ་བྱེད་པ་ཞིག་ཀྱང་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎