ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡའི་ནང་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ཤེས་རྟོགས་མ་བྱུང་ཟེར།
2020.04.27
ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡའི་མི་གཅིག་དབང་འཛིན་པ་ཀིམ་ཇོང་ཨུན་གྱི་གནས་ཚུལ་དང་འབྲེལ་ཡུལ་དེའི་ནང་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་དང་དོགས་ཟོན་བྱས་བསྡད་ཡོད་པ་འགྲེལ་བརྗོད་བྱས་འདུག
དེང་སང་རྒྱལ་སྤྱིའི་གསར་ལམ་ཁག་ནང་བྱང་ཀོ་རི་ཡའི་མི་གཅིག་དབང་འཛིན་པ་ཀིམ་ཇོང་ཨུན་(Kim-Jong-un)་གྱི་གཟུགས་གཞི་བདེ་ཐང་མེད་ལུགས་ཀྱི་གནས་ཚུལ་ཐོན་བཞིན་པའི་ཐད་དོགས་ཟོན་བྱེད་བཞིན་པ་ལྷོ་ཀོ་རི་ཡའི་གཞུང་གི་དཔོན་རིགས་ཞིག་གིས་བཤད་འདུག
འདི་ཚེས་༢༦་རེས་གཟའ་ཉི་མའི་ཉིན། ལྷོ་ཀོ་རི་ཡའི་ཀོ་རི་ཡ་ཕྱེད་གླིང་ཟླ་སྒྲིལ་བློན་ཆེན་(Kim Yeon chul)་ཡིས་ནང་མོལ་གྱི་གླེང་སྟེགས་ཤིག་གི་ཐོག གཞུང་ཕྱོགས་ཀྱི་གསང་བའི་གནས་ཚུལ་མཁོ་སྒྲུབ་ཀྱི་ནུས་པའི་ཐོག་ནས་བྱང་ཀོ་རི་ཡའི་ནང་རྣམ་ཀུན་དང་མི་འདྲ་བའི་གནས་ཚུལ་གསར་པ་དེ་འདྲ་བྱུང་བ་ཤེས་རྟོགས་བྱུང་མེད་སྐོར་གསུང་འདུག
རྒྱལ་སྤྱིའི་གསར་འགྱུར་ཁག་གི་ནང་ཉེ་སྔོན་ཕྱི་ཚེས་ ༡༥ ་ཉིན། བྱང་ཀོ་རི་ཡའི་གཞུང་གི་མཛད་སྒོ་ཆེ་ཁག་ཞིག་གི་ཐོག་བྱང་ཀོ་རི་ཡའི་མི་གཅིག་དབང་འཛིན་པ་ཀིམ་ཇོང་ཨུན་མཐོང་རྒྱུ་མེད་པའི་གནས་ཚུལ་བྱུང་རྗེས། ཁོང་གི་གཟུགས་གཞིའི་གནས་སྟངས་ཐོག་ཚོད་དཔག་གི་གནས་ཚུལ་འདྲ་མིན་ཐོན་ཡོད།
བདུན་ཕྲག་སྔོན་མར་ལྷོ་ཀོ་རི་ཡའི་གསར་འགྱུར་ལས་ཁང་ཁག་གིས་བྱང་ཀོ་རི་ཡའི་མི་གཅིག་དབང་འཛིན་པ་ཀིམ་ཇོང་ཨུན་གྱི་སྙིང་བཤག་གཅོས་དང་། དེ་མིན་ཁོ་པ་ཏོག་དབྱིབས་ནད་ཡམས་མི་འགོས་པའི་ཆེད་ཟུར་བཀག་ཐོག་གནས་ཡོད་པའི་སྐོར་གནས་ཚུལ་འདོན་སྤེལ་བྱས་ཡོད་པ་དང་། ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱི་ཀོ་རི་ཡ་ཕྱེད་གླིང་ཟླ་སྒྲིལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་(Yoon Sang hyun)་ཡིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་སྤྱི་ཚོགས་ཁྲོད་མཐོང་རྒྱུ་མེད་པ་དེས་ཁོ་བོས་ནམ་ཀུན་ལྟར་ལས་ཀ་བྱེད་ཀྱི་མེད་པ་དེ་རེད་ཅེས་འགྲེལ་བརྗོད་བྱས་འདུག
ཡང་རེས་གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་ཁག་གིས་ཡུལ་དེའི་འགོ་ཁྲིད་ཀིམ་ཇོམ་ཨུན་གྱི་འདྲ་པར་དང་ཁོས་ལས་དོན་ཇི་སྤེལ་སྐོར་གྱི་གནས་ཚུལ་གང་ཡང་སྤེལ་མེད་པ་དང་། ཁོ་པས་ཡུལ་དེའི་(Wonsan)་ཞེས་པའི་ས་གནས་དེར་ལས་བཟོ་བ་ཁག་ཅིག་གིས་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་ཤིག་འཛུགས་བསྐྲུན་བྱེད་ཀྱི་ཡོད་པ་དེར་ཐུགས་རྗེ་ལེགས་གསོལ་གྱི་ཡིག་གེ་བཏང་བའི་གནས་ཚུལ་འདོན་སྤེལ་བྱས་ཡོད་པ་རེད།