ཀིརྟིའི་གྲ་བློ་བཟང་བརྩོན་འགྲུས་ལ་ཉེས་ཁྲིམས་ལོ་༡༡་བཅད།
2011.08.30
༄༅༎བོད་ཀྱི་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་སུ་རྔ་པ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་མི་ལོ་༡༡ གི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པ་རེད།
རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་དུ་ཆགས་པའི་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་བློ་བཟང་ཡེ་ཤིས་ལགས་དང་ཀ་ཉག་ཚེ་རིང་ལགས་ཀྱིས་འགྲེམས་སྤེལ་གནང་བའི་གནས་ཚུལ་ནང༌།ཕྱི་ཟླ་བརྒྱད་པའི་ཚེས་༢༩ ཉིན་རྔ་པ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། དགུང་ལོ་༤༦ ཡིན་པ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་ཀྱིས་ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༡༦ སྐུ་ཞབས་ཕུན་ཚོགས་ལགས་ཀྱིས་རང་ལུས་མེ་བསྲེགས་བཏང་བའི་དོན་རྐྱེན་བྱུང་འཕྲལ་སྨན་ཁང་དུ་བསྟེན་གཏུགས་བྱེད་མ་བཅུག་པའི་ཉེས་མེད་ཉེས་འགེལ་བྱས་ནས། མི་ལོ་༡༡ གི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་རེད། དོན་དངོས་ཀྱི་གནས་སྟངས་ནི། སྐུ་ཞབས་ཕུན་ཚོགས་ལགས་ཀྱི་རང་ལུས་མེ་བསྲེགས་བཏང་སྟེ་མེ་བསད་ཟིན་པའི་རྗེས་ལའང་རྒྱ་མིའི་ཉེན་རྟོག་པས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་ཐོག་ནས་ཉེས་རྡུང་གཏོང་བའི་སྐབས། སྐུ་ཞབས་བློ་བཟང་བརྩོན་འགྲུས་ལགས་ཀྱིས་ཉེས་རྡུང་དང་མནར་གཅོད་དེ་ལས་སྐྱོབ་ཐབས་གནང་ཡོད་པ་རེད།
སྐུ་ཞབས་བློ་བཟང་བརྩོན་འགྲུས་ལགས་རྒྱ་ནག་གཞུང་གིས་ཕྱི་ཟླ་བཞི་པའི་ཚེས་༡༢ ཉིན་འཛིན་བཟུང་བྱས་ཤིང༌། ད་ལྟ་བར་ཁོང་གི་གནས་སྟངས་སྐོར་རྩ་བ་ནས་གོ་ཐོས་མེད་པར་གྱུར་ཡོད་ཀྱང༌། ཕྱི་ཟླ་བརྒྱད་པའི་ཚེས་༢༧ ཉིན་ཁོང་གི་ནང་མི་རྣམས་རྔ་པ་རང་སྐྱོང་ཁུལ་གྱི་འབར་ཁམས་རྫོང་ལ་ཡོང་དགོས་པའི་བརྡ་ཐོ་འབྱོར་བ་ལྟར་བསྐྱོད་ཡོད་པ་རེད། སྐུ་ཞབས་བློ་བཟང་བརྩོན་འགྲུས་ལགས་ནི། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇར་ཆེན་ཚང་ནས་ཡིན་པ་དང༌། རང་ལུས་མེ་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་སྐུ་ཞབས་ཕུན་ཚོགས་ལགས་ཀྱི་ཨ་ཁུ་དང་དགེ་རྒན་ཡིན་ཞིང༌། དེ་སྔོན་ཕྱི་ཟླ་གསུམ་པའི་ཚེས་༢༠ ཉིན་སྐུ་ཞབས་བློ་བཟང་བརྩོན་འགྲུས་ལགས་དང༌། སྐུ་ཞབས་ཕུན་ཚོགས་ལགས་ཀྱི་གཅེན་པོ་དར་རྒྱ་ལགས་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཉིན་ལྔའི་རིང་དོ་དམ་བཀག་ཉར་བྱས་པའི་རྗེས། གློད་འགྲོལ་ཐོབ་ཡོད་ཀྱང༌། ཕྱི་ཟླ་བཞི་པའི་ཚེས་༡༢ ཉིན་ཁོང་གཉིས་བསྐྱར་དུ་འཛིན་བཟུང་བྱས་ཡོད་པ་རེད། ད་དུང་གནས་ཚུལ་ཤེས་རྟོག་བྱུང་བར་གཞིགས་ན། རྔ་པ་རྫོང་གཅའ་ཞང་ཕྱུགས་ལས་འགབ་མའི་བློ་བཀྲ་ཚང་གི་བློ་བཟང་བསྟན་འཛིན་ལགས་དང༌། གཅའ་ཞང་ནག་ཚང་མའི་པདྨ་ཚང་གི་བློ་བཟང་བསྟན་འཛིན་ལགས་གཉིས་ཀྱི་ནང་མི་རྣམས་ལའང་ཕྱི་ཟླ་བརྒྱད་པའི་ཚེས་༢༨ འབར་ཁམས་རྫོང་ལ་ཡོང་དགོས་པའི་བརྡ་ཐོ་འབྱོར་བ་ལྟར་བསྐྱོད་ཡོད་པ་དང༌། ཁོང་གཉིས་ལའང་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་ཡོད་པའི་ཚོད་དཔགས་བྱེད་ཀྱི་ཡོད་པ་རེད།