སེར་སྨད་ཀོང་པོ་མཁན་ཟུར་བྱམས་པ་དོན་ཡོད་མཆོག་དགུང་གྲངས་ ༡༠༡ ཐོག་དགོངས་པ་རྫོགས་ཏེ་ཉིན་གསུམ་གྱི་རྗེས་སུའང་སྐུ་གཟུགས་ཀྱི་གཟི་མདངས་མ་ཉམས་པར་བཞུགས་འདུག

2025.03.07
སེར་སྨད་ཀོང་པོ་མཁན་ཟུར་བྱམས་པ་དོན་ཡོད་མཆོག་དགུང་གྲངས་ ༡༠༡ ཐོག་དགོངས་པ་རྫོགས་ཏེ་ཉིན་གསུམ་གྱི་རྗེས་སུའང་སྐུ་གཟུགས་ཀྱི་གཟི་མདངས་མ་ཉམས་པར་བཞུགས་འདུག སེར་སྨད་ཀོང་པོ་མཁན་ཟུར་བྱམས་པ་དོན་ཡོད་མཆོག ཟླ་ཚེས་མི་གསལ།
RFA

རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཀོང་པོ་ཁང་ཚན་གྱི་མཁན་ཟུར་རིན་པོ་ཆེ་བློ་བཟང་དོན་མཆོག་དགུང་གྲང་ ༡༠༡ ཐོག་སྙུང་གཞི་གང་ཡང་མེད་པར་དགུང་ལོ་བགྲེས་པའི་རྐྱེན་གྱིས་ཟླ་བ་འདིའི་ཕྱི་ཚེས་ ༥ རེས་གཟའ་ལྷག་པའི་ཉིན་གྱི་ཞོགས་པ་ཆུ་ཚོད་༦་༣ ཐོག་དགོངས་པ་རྫོགས་ཏེ་འདི་ཚེས་༧ ཉིན་ཉིན་གྲངས་གསུམ་ཕྱིན་པའི་རྗེས་སུའང་སྐུ་ཕུང་ལ་དྲི་མ་མེད་པར་ཞལ་རས་ཀྱི་མདངས་མ་ཉམས་པ་གནས་ཡོད་ཅིང་། ད་ལྟའི་ཆར་སེར་སྨད་ཀོང་པོ་ཁང་ཚན་དང་གྲྭ་ཚང་དང་། དེ་བཞིན་སེ་ར་བླ་སྤྱི་དང་སེར་བྱེས་གྲྭ་ཚང་སོགས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་འོག་བསྔོ་སྨོན་མཆོད་འབུལ་གནང་བཞིན་ཡོད་པ་རེད་འདུག

ཞིང་གཤེགས་མཁན་ཟུར་རིན་པོའི་སྐོར་གང་ཉིད་ཀྱི་ཚ་བོ་དང་སློབ་མ་དགེ་བཤེས་བྱམས་པ་ནོར་བུ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལ། མཁན་ཟུར་རིན་པོ་ཆེ་མཆོག་གྲྭ་པ་དཀྱུས་མའི་ཚུལ་དུ་བཞུགས་ཤིང་གྲྭ་ཚང་གི་མཁན་པོའི་མཛད་འགན་གྲུབ་མཚམས་སུ་འཇིགས་བྱེད་ཀྱི་བརྙན་ཆེན་ལོ་གསུམ་ཆོས་གསུམ་བཞུགས་པ་དང་། སྤྱིར་བཏང་རྣལ་འབྱོར་མ་སོགས་པའི་ལས་རུང་གནང་ཡོད་པ་མ་ཟད། ད་དུང་ལོ་ཤས་སྔོན་ལ་རིན་པོ་ཆེ་མཆོག་ནས་གསང་བ་འདུས་པའི་ཞལ་འདོན་ཁོ་ན་གནང་ནས་བཞུགས་ཀྱི་ཡོད་ལ། ནམ་རྒྱུན་རིན་པོ་ཆེ་མཆོག་ཐུགས་གཤིས་བཟང་ཞིང་འཇམ་ལ་གུ་ཡངས་པོ་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་སེར་སྨད་ཀོང་པོ་མཁན་ཟུར་བྱམས་པ་དོན་ཡོད་མཆོག་ནི་ཕྱི་ལོ་ ༡༩༢༥ ལོར་བོད་ཀོང་པོ་འབྲུ་ལར་སྐུ་འཁྲུངས་ཤིང་ཁོང་གིས་པ་ལགས་ཀྱིས་ཁོང་དགུང་ལོ་ ༧ ནས་ ༡༣ བར་ཡི་གེ་བྲི་ཀློག་དང་དཔེ་ཆ་བློ་འཛིན་སོགས་གནང་བཅུག་སྟེ། མཁན་ཟུར་རིན་པོ་ཆེ་མཆོག་དགུང་ལོ་བཅུ་གསུམ་ཕེབས་སྐབས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་སྤོམ་ར་ཆ་ཕྲེང་དགེ་བཤེས་བློ་བཟང་ཐུབ་བསྟན་ལགས་ཀྱིས་དབུས་པའི་དགེ་བའི་བཤེས་གཉེན་དུ་མ་བསྟེན་གནང་སྟེ་གཞུང་ཆེན་མོར་སློབ་གཉེར་ཚུལ་བཞིན་གནང་ཞིང་། བོད་ནང་དུས་འགྱུར་བྱུང་རྗེས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་ཊ་ལ་ཧོ་སིར་གཏོང་གནང་མཛད་པ་ལྟར། དེར་བཞུགས་རིང་ཌ་ལ་ཧོ་སི་གཏན་སློབ་ཏུ་ལྟ་གྲུབ་དགེ་རྒན་དང་། དེ་རྗེས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་ནང་རིག་གནས་དགེ་རྒན་གནང་རྗེས་ཕྱི་ལོ་༡ ༩༧༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་སེར་སྨད་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་བཀའ་ཡིག་ཕེབས་པ་ལྟར་མཁན་པོའི་མཛད་འགན་བཞེས་ཤིང་། སྐབས་དེར་གྲྭ་ཚོགས་ཉུང་བ་དང་དཔལ་འབྱོར་སོགས་གང་སྤྱིར་དཀའ་ངལ་ཆེ་བའི་དུས་སྐབས་སུ་གྲྭ་ཚང་གི་ཕྱིའི་འཛུགས་སྐྲུན་དང་ནང་དགེ་འདུན་པའི་སློབ་གཉེར་གྱི་ཐོག་སྐུ་ལས་མང་པོ་བསྐྱོན་པ་སོགས་མཛད་རྗེས་རླབས་ཆེ་འཇོག་གནང་མཛད་ཡོད་པ་དང་། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ པའི་ཚེས་ ༣ ཉིན་མཁན་ཟུར་རིན་པོ་ཆེ་དགུང་ལོ་ ༡༠༠ ཕེབས་པའི་བརྒྱ་སྟོན་སྲུང་བརྩི་ཞུས་ཡོད་ལ། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༥ ཉིན་གྱི་སྔ་དྲོ་སྙུང་གཞི་གང་ཡང་མེད་པར་དགོངས་པ་རྫོགས་འདུག །

གསར་འགོད་པ། པདྨ་དངོས་གྲུབ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎