སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་མུ་མཐུད་སྐུ་ཐུགས་དམ་དུ་བཞུགས་འདུག
2020.01.09
སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་དགོངས་པ་རྫོགས་ནས་ཉིན་བཅུ་ལྷག་འགྲོ་བཞིན་ཡོད་ཀྱང་མུ་མཐུད་དུ་སྐུ་ཐུགས་དམ་ལ་བཞུགས་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་ཟུར་པ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་འཇམ་དབྱངས་དོན་གྲུབ་མཆོག་དགུང་གྲངས་༩༣ ཐོག་སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་ ༡༢་ཚེས་ ༣༠་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྨན་ཁང་ཞིག་ཏུ་དགོངས་པ་རྫོགས་པ་དང་། དགོངས་པ་རྫོགས་པའི་གནས་ཚུལ་རིན་པོ་ཆེ་དམ་པ་དེའི་བྱེས་ཀྱི་དགོན་པ་འཆི་མེད་དགའ་ཚལ་གླིང་གི་ངོས་ནས་རེ་ཞིག་གསང་རྒྱ་གནང་པ་ཕྱི་ཟླ་ ༡ ་ཚེས་ ༨ ་ཉིན་གསལ་བསྒྲགས་གནང་ཡོད་པ་རེད། གསལ་བསྒྲགས་དེའི་ནང་ད་ཆ་རིན་པོ་ཆེའི་སྐུ་གདུང་རྒྱ་གར་རྡ་རམ་སཱ་ལའི་ཉེ་འཁྲིས་སུ་ཡོད་པ་རིན་པོ་ཆེའི་དགོན་པ་འཆི་མེད་དགའ་ཚལ་གླིང་དུ་གདན་ཞུ་གནང་འདུག་པར་མ་ཟད། ཕྱི་ཟླ་ ༡༢ ་པའི་ཚེས་ ༣༠ ་ནས་ད་བར་མུ་མཐུད་དུ་ཐུགས་དམ་དུ་བཞུགས་ཡོད་པ་བཀོད་ཡོད་པ་རེད། ཕྱི་ཟླ་ ༡ ཚེས་ ༩ ཉིན་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་གདུང་སྲས་ཨ་བན་སྤྲུལ་སྐུ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་ཉིན་གྲངས་བཅུ་གཉིས་སོང་བའི་མཚམས་སུ་ཡང་ཐུགས་དམ་ངང་ཞུགས་མུས་སུ་ཡོད་པ་དང་། ད་ཆ་རིན་པོ་ཆེའི་སྐུ་ཤ་སྐམ་དུ་ཕེབས་པ་ལས་ཞལ་འདང་མི་ཉམས་པར་གནས་ཡོད་པ་གསུངས་འདུག ཨ་བན་སྤྲུལ་སྐུ་ལགས་ཀྱིས་རིན་པོ་ཆེ་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་རྗེས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག། དཔལ་ས་སྐྱ་གོང་མ་རིན་པོ་ཆེ་རྣམ་པར་སྙན་སེང་སྒྲོན་པ་ལས་ཕྱི་ཟླ་ ༡ ཚེས་ ༨ བར་ཡོངས་གྲགས་གནང་མེད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་འཇམ་དབྱངས་དོན་གྲུབ་མཆོག་བོད་ཁམས་ལི་ཐང་དུ་ ༡༩༢༧་སྐུ་འཁྲུངས་ཤིང་། སྡེ་དགེ་སྒ་རྗེ་དགོན་གྱི་ཁམས་སྤྲུལ་འགྱུར་མེད་འཕྲིན་ལས་རྣམ་རྒྱལ་མཆོག་གི་ཡང་སྲིད་དུ་ངོས་འཛིན་དང་ཁྲི་འདོན་ཞུས། བོད་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྗེས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་པ་དང་། ཐོག་མར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷར་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཞུགས་ཡོད་པ་རེད། ༡༩༦༡་ནས་ ༡༩༨༦་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་སྲི་ཞུའི་ལས་དོན་གནང་ཞིང་། ༡༩༨༦་ལོར་ཆོས་རིག་དྲུང་ཆེའི་མཚན་གནས་ཐོག་ནས་བགྲེས་ཡོལ་དུ་ཕེབས་ཡོད་པ་རེད།
ཉེ་ལམ་སྐུའི་མཁལ་མའི་སྙུན་གཞིས་རྐྱེན་གྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་(Max)་སྨན་ཁང་དུ་ཕྱི་ལོ་ ༢༠༡༩་ཟླ་བ་ ༡༢ ་ཚེས་ ༣༠ ་ཉིན་དགོངས་པ་རྫོགས་ཡོད་པ་རེད།
འཆི་མེད་དགའ་འཚལ་གླིང་དགོན་ནི་ཕྱི་ལོ་ ༢༠༠༩་ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་རབ་གནས་མཛད་པ་དང་། གཙོ་བོ་༧གོང་ས་ལྔ་པ་ཆེན་པོའི་གསང་བ་རྒྱ་ཅན་གྱི་ཆོས་འཁོར་ཁག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཞབས་ཕྱི་སྒྲུབ་རྒྱུར་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་པ་རེད།