འབྲུག་གི་འོག་ནས་ཐར་བ་ཞེས་པའི་དཔེ་དེབ་ར་ཤེ་ཡའི་སྐད་ཡིག་ནང་འདོན་སྤེལ་བྱས་འདུག
2019.04.19

ཨ་ཀྱྭ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཕྱག་དེབ་འབྲུག་གི་འོག་ནས་ཐར་བ་ཞེས་པ་ར་ཤེ་ཡའི་སྐད་ནང་འདོན་སྤེལ་བྱས་འདུག
འདི་ཚེས་༡༨་ཉིན་ར་ཤེ་ཡའི་རྒྱལ་ས་མོ་སུ་ཀོ་(Moscow)་རུ་ཨ་ཀྱྭ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་དབྱིན་ཡིག་ནང་(Surviving the Dragon)སྟེ་འབྲུག་གི་འོག་ནས་ཐར་བ་ཞེས་པ་དེ། ར་ཤེ་ཡའི་སྐད་ཡིག་ནང་ཕབ་བསྒྱུར་གྱིས་འདོན་སྤེལ་བྱས་ཡོད་པ་ར་ཤེ་ཡའི་སྐུ་ཚབ་དོན་གཅོད་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
ཨ་ཀྱྭ་རིན་པོ་ཆེ་མཆོག ཕྱི་ལོ་༡༩༥༠་ལོར་འཁྲུངས་པ་དང་། ཁོང་ནས་ཕྱག་དེབ་དེའི་ནང་། རང་ཉིད་ཆུང་བྱིས་པའི་དུས་སུ། ཐོག་མར་ཆོས་བཞུགས་གནང་བ་ནས་རྗེས་སུ་ཨ་མི་རི་ཀའི་ནང་སྐྱབས་བཅོལ་དུ་ཕེབས་པའི་དུས་ཡུན་དང་། དམིགས་བསལ་རྒྱ་ནག་གཞུང་གིས་པཎ་ཆེན་པོ་ཆེ་སྐུ་གོང་མའི་ཡང་སྲིད་རྩད་གཅོད་ཐད་ལྐོག་བྱུས་སྣ་ཚོགས་བཤམས་པ་། རང་གི་དངོས་སུ་མཐོང་ཆོས་མྱོང་ཚོར་བྱུང་བའི་ལོ་རྒྱུས་མང་པོ་ཞིག་བཀོད་ཡོད་པ་རེད།
ཁོང་གི་དབྱིན་ཡིག་ཐོག་བྲིས་པའི་ཕྱག་དེབ་དེ་གྲགས་ཆེན་པོ་བྱུང་ཡོད་པ་དང་། ར་ཤེ་ཡའི་སྐད་ཡིག་ནང་(Buryatia)མི་རིགས་ཡིན་པའི་སློབ་དཔོན་མཁས་དབང་(Irina Garri)ཡིས་ཕབ་བསྒྱུར་ཞུས་ཡོད་པ་དང་། ཕྱག་དེབ་དེ་འདོན་སྤེལ་གྱི་མཛད་སྒོ་དེ། རྒྱལ་ས་(Moscow) ནང་རྟེན་གཞི་བྱས་པའི་ར་ཤེ་ཡའི་ཚན་རིག་གཙུག་ལག་སློབ་གཉེར་ཁང་གི་ཨེ་ཤེ་ཡའི་སློབ་གཉེར་ཁང་ནང་དབུ་འབྱེད་གནང་ཡོད་པ་དང་། དབུ་འབྱེད་ཀྱི་མཛད་སྒོར་གསར་འགོད་པ་དང་སློབ་གཉེར་བ་སོགས་མི་སྣ་མང་པོ་ཞིག་ཕེབས་ཡོད། སྐབས་དེར། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ཨ་ཀྱྭ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་དམིགས་བསལ་ཕྱག་དེབ་ནང་གི་གནད་དོན་གལ་ཆེ་ཁག་ཅིག་ངོ་སྤྲོད་ཀྱིས་གསུང་བཤད་གནང་ཡོད་འདུག
མདོ་སྨད་སྐུ་འབུམ་དགོན་པའི་དགོན་བདག་ཨ་ཀྱྭ་རིན་པོ་མཆོག་ནི་པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་དང་ཐུགས་ཉེ་པོ་ཡོད་པའི་མི་སྣ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཁོང་ལ་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པའི་རྗེས་སུ་ཡང་སྲིད་རིན་པོ་ཆེ་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་མིར་འགན་འཁུར་དང་། གཞན་ཡང་རྒྱ་ནག་གི་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཞོན། རྒྱ་ནག་གཞུང་གི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་གོ་གནས་སོགས་ཕུལ་ཏེ། རྒྱ་ནག་གི་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་གཏོང་ཐབས་སུ་དམིགས་ཡོད་ནའང་། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་བྱ་རྒྱུའི་ཚབ་ཏུ་ལྐོག་བྱུས་སྣ་ཚོགས་གཏིང་སྟེ་རང་གི་དགོས་མཁོ་དང་འཚམ་པའི་ཡང་སྲིད་བཙལ་འཚོལ་བྱས་པའི་རྗེས། རིན་པོ་ཆེ་མཆོག་ཐུགས་འགན་མ་བཟོད་པར་ཕྱི་ལོ་༡༩༩༨་ལོར་ལྷོ་ཨ་མི་རི་ཀ་བརྒྱུད་ཨ་མི་རི་ཀའི་ནང་ཕེབས་ཏེ་ཆབ་སྲིད་སྐྱབས་བཅོལ་ཞུས་ཡོད་པ་རེད།