ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་གསར་པ་བསྐོ་བཞག
རྒྱ་གར་གྱི་རྒྱལ་ས་ལྡི་་ལིའི་Shiv Nadar གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ལྕམ་ Kaveri Gill ལྷོ་ཕྱོགས་བྷེང་གྷ་ལུ་རུ་གྲོང་ཁྱེར་དུ་ཡོད་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་གསར་པར་བསྐོ་བཞག་བྱུང་བ་ལྟར་ཁོང་གིས་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གྲུབ་ཐབས་ཀྱི་ཆེད་དུ་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན་པ་གསུང་གི་འདུག
དེ་ཡང་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁོང་ལ་ཞལ་པར་བརྒྱུད་བཀའ་འདྲི་ཞུ་སྐབས་།
ཁོང་གིས་ཏཱ་ལའི་བླ་མའི་མཐོ་སློབ་ཁང་དེ་ནི་གལ་གནད་ཆེ་བའི་སློབ་གཉེར་ཁང་ཞིག་ཡིན་པ་དང་།
དེ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་སུ་ཡོད་པ་བཞིན་བོད་མི་ན་གཞོན་ཚོར་བོད་ཀྱི་རིག་གཞུང་དང་དེང་དུས་ཀྱི་ཤེས་ཡོན་གྱི་ཆ་རྐྱེན་སྐྲུན་རྒྱུའི་ཆེད་དུ་བཙུགས་གནང་བ་ཞིག་ཡིན་ཞིང་།
ཁོང་རང་ཉིད་ཀྱི་ཤེས་ཡོན་དང་ཉམས་མྱོང་རྣམས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གྲུབ་རྒྱུར་བེད་སྤྱོད་གཏོང་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་གུས་བརྩི་དང་སྐལ་པ་བཟང་པོ་བྱུང་བར་ངོས་འཛིན་ཞུ་བཞིན་ཡོད་པའི་སྐོར་གསུངས་འདུག
ད་དུང་ཁོང་གིས་་་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གྲུབ་ཐབས་ཀྱི་ཆེད་དུ་ནུས་ཤུགས་འདོན་ཐུབ་པའི་ཆ་རྐྱེན་འཛོམས་ཐུབ་པའི་སྨོན་ལམ་སྐྱོན་རྒྱུ་ཡིན་པའི་སྐོར་གསུངས་འདུག་
དེ་བཞིན་ཁོང་ལ་ལོ་ངོ་ལྔའི་རིང་ནང་ཆོས་ཀྱི་དགེ་རྒན་གནང་མྱོང་མཁན་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་་ལྩམ་ Kaveri Gill ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་འགྲུབ་རྒྱུར་འབད་བརྩོན་གནང་ཐུབ་མཁན་ཞིག་ཡིན་པ་ལྟར་། ད་ལྟ་ལྡི་ལིའི་ Shiv Nadar གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཕྱག་ལས་གནང་བཞིན་པ་དེར་གསོལ་ཕོགས་མཐོ་པོ་ཡོད་ཀྱང་དེ་དག་བློས་གཏོང་གནང་སྟེ་།ཏཱ་ལའི་བླ་མའི་མཐོ་སློབ་ཁང་གི་སློབ་སྤྱིར་ཕེབས་པ་ཞིག་ཡིན་ལུགས་ངོ་སྤྲོད་གནང་གི་འདུག
༧གོང་ས་མཆོག་གི་མཚོན་ཐོག་གི་ཏཱ་ལའི་བླ་མའི་མཐོ་སློབ་ཁང་དེ་ནི་༢༠༡༦་ལོའི་ཕྱི་ཟླ་༡༢་པའི་ཚེས་༡༤ཉིན་སྤྱི་ནོར་༧གོང་ས་མཆོག་གིས་དབུ་འབྱེད་མཛད་ཡོད་པ་རེད།