བཀའ་ཁྲི་ནས་ས་གནས་འགོ་འཛིན་ལྷན་ཚོགས་སུ་གསུང་བཤད།

རྒྱ་གར་ནང་གི་ཨུ་ཏར་ཁན་ཌ་དང་ཧི་མ་ཅལ་མངའ་ཁུལ་གྱི་ས་གནས་འགོ་འཛིན་རྣམ་པའི་ལྷན་ཚོགས་ཤིག་འདུ་སྐོང་གནང་འདུག།

2010.12.03

༄༅༎ཁ་ས་བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཨུ་ཏར་ཁན་ཌ་དང་ཧི་མ་ཅལ་མངའ་ཁུལ་གྱི་ས་གནས་འགོ་འཛིན་རྣམ་པའི་ལྷན་ཚོགས་ཤིག་འདུ་སྐོང་གནང་འདུག།

བཀའ་བློན་ཁྲི་པ་དང་ནང་སྲིད་བཀའ་བློན་གཅིག་ལྕོག་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་པའི་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་དང་ཨུ་ཏར་ཁན་ཌ་དང་ཧི་མ་ཅལ་མངའ་ཁུལ་གྱི་ས་གནས་འགོ་འཛིན་རྣམས་ལྷན་འཛོམས་གནང་བའི་ཐོག་མར་ནང་སྲིད་དྲུང་ཆེས་ད་རེས་ལྷན་ཚོགས་དེ་འདུ་སྐོང་གནང་དགོས་དོན་གཙོ་བོ་དེ་། ཉེ་ལམ་བཀའ་ཁྲི་མཆོག་བོད་མིའི་གཞིས་ཆགས་ཁག་ཏུ་ཕེབས་སྐབས་། ས་གནས་འགོ་འཛིན་དང༌། གནད་ཡོད་མི་སྣ་། ལྷག་པར་དུ་རྒྱ་ཆེའི་མང་ཚོགས་ཁྲོད་ནས་ གཞིས་ཆགས་སྲ་བརྟན་ཡོང་ཆེད་བདེ་སྡུག་གི་གནས་ཚུལ་མང་པོ་ཞིག་སྙན་སེང་ཞུས་ཡོད་པར་བརྟེན་། ནང་སྲིད་ལས་ཁུངས་ཀྱི་མཛད་གཙོ་རྣམ་པ་ཚོ་གཞིས་ཆགས་རེ་རེའི་ནང་གནས་ཚུལ་བསྐྱར་ཞིབ་གནང་བར་ཕེབས་མི་དགོས་པར་། ལྷན་འཛོམས་འདིའི་ཐོག་ནས་གཞིས་ཆགས་སོ་སོའི་གནས་བབ་གསལ་པོ་ཞིག་མཁྱེན་རྟོག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། གཞིས་ཆགས་སྲ་བརྟན་གནས་ཆེད་ནང་སྲིད་ལས་ཁུངས་ཀྱིས་ལོ་གསུམ་རེའི་འཆར་གཞི་ཞིག་བཟོས་གནང་གི་ཡོད་སྐོར་ནང་སྲིད་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསུངས་བཞག།

དེ་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ གསུང་བཤད་གནང་དོན་ལ། ཧི་མ་ཅལ་མངའ་སྡེ་དང་ཨུ་ཏར་ཁན་ཌ་མངའ་ཁུལ་གཉིས་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་མང་པོ་ཞིག་དང༌། གཞིས་ཆགས་མ་ཡིན་པར་ཁ་འཐོར་རུབ་རུབ་བྱས་ནས་འདུ་སྡོད་བྱ་ཡུལ་ཁག་མང་པོ་ཞིག་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་སུ་ཡོད་པ་ཁྱོན་ཉི་ཤུ་རྩ་གྲངས་ཡོད་པའི་ནང་གི་བོད་པའི་མི་འབོར་ཧ་ལམ་ལྷོ་ཕྱོགས་གཞིས་ཆགས་ཁག་བཞི་ཙམ་དང་མཉམ་པ་ཆགས་ཀྱི་ཡོད་སྐོར་གསུངས་ཏེ། བོད་མི་ཚོ་རྒྱ་གར་ལ་༥༩ལོར་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ བོད་པའི་གཞིས་ཆགས་ཆེ་ཆུང་མང་པོ་ཞིག་གསར་འཛུགས་བྱས་པ་དེ་ཚོ་ལོ་༣༥མ་འཁོར་བ་ཧ་ལམ་མེད་སྟབས། ལོ་གྲངས་མང་པོ་དེ་ཙམ་རིང་སྤྱི་ཚོགས་སུ་འདྲ་ཞིག་ཡིན་རུང་ལྷིང་འཇགས་པ་དང་རང་མགོ་ཐོན་པ། ལྷག་པར་ཕྱི་ཕྱོགས་ཀྱི་རོགས་རམ་ལ་བརྟེན་མི་དགོས་པ་ཞིག་ངེས་པར་དུ་ཆགས་དགོས་པ་ལྟ་བུ་ཞིག་ཡིན་སྐོར་གསུང་བཞག། དེ་བཞིན་བཀའ་ཁྲི་མཆོག་གིས་ཧི་མ་ཅལ་དང་ཨུ་ཏར་ཁན་ཌ་མངའ་སྡེ་གཉིས་ནང་གི་བཟོ་གཞིས་མང་ཆེ་བ་ཞིག་ཁྲིམས་ཡིག་འོག་༡༩༦༥དང་བདུན་བཅུ་དོན་གྲངས་ནང་བྱས་ཡོད་སྟབས། ཚོགས་པ་དེབ་སྐྱེལ་གྱི་ངོ་བོ་མ་བརླགས་པར་རྒྱུན་གནས་ཐུབ་ཆེད་ལོ་ཚད་ཡོད་ན་ལོ་ཚད་རྫོགས་མཚམས་བསྐྱར་སྣོན་ཞུ་རྒྱུ་དང༌། ལོ་ཚད་མེད་པ་ཡིན་ནའང༌། རྩིས་ཁྲ་གཏོང་རྒྱུ་དང་ཚོགས་འདུའི་གྲོས་ཆོད་དེབ་སྐྱེལ་ལས་ཁུངས་སུ་དུས་ཐོག་གཏོང་རྒྱུ་དང༌། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བརྗེ་པོ་ཐེབས་དུས་གནས་ཚུལ་དེ་དག་དེབ་སྐྱེལ་ལས་ཁུངས་སུ་གཏོང་རྒྱུའི་བརྒྱུད་ལམ་ཡོངས་རྫོགས་མ་ཤེས་པ་ཡིན་ན། ཉིན་ཞིག་ཚོགས་པ་དེབ་སྐྱེལ་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་སྐོར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཚོགས་བཅར་བ་ཚོར་ལམ་སྟོན་བཀའ་སློབ་གནང་ཡོད་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎