བཙན་བྱོལ་བོད་མིའི་དམངས་གཙོའི་དུས་ཆེན་ལོ་༤༩འཁོར་བ།
2009.09.02
༄༅༎བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་དམངས་གཙོའི་ལམ་སྲོལ་དུ་བསྒྱུར་ནས་ལོ་ངོ་བཞི་ཅུ་ཞེ་དགུ་ཧྲིལ་པོ་འཁོར་བའི་དེ་རིང་གི་ཉིན་མོ་དེར་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གསུངས་བཤད་ཅིག་སྤེལ་གནང་འདུག དེ་ཡང་གསུངས་བཤད་ཀྱི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ངོ་མཚར་རྨད་དུ་བྱུང་བའི་འཕྲིན་ལས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་དམངས་གཙོ་ཅན་ལ་བསྒྱུར་གནང་བ་དེར་གུས་ཕྱག་དང་བཅས་བཀའ་དྲིན་རྗེས་དྲན་ཞུས་གནང་ཡོད་པ་མ་ཟད་གཞིས་བྱེད་བོད་མི་ཡོངས་དང་བོད་དང་བོད་མིར་ཕན་གྲོགས་གནང་མཁན་གྱི་གཞུང་དང་གྲོས་ཚོགས།མང་ཚོགས།བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག།ཞི་བདེ་ལ་དགའ་བའི་རྒྱལ་སྤྱིའི་མང་ཚོགས་ཡོངས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས་གནང་འདུག
ཡང་བཀའ་ཤག་གི་གསུངས་བཤད་ནང་འདས་པའི་ལོ་ངོ་བཞི་ཅུ་ཞེ་དགུའི་ནང་བོད་དང་རྒྱ་ནག་གི་མཚོན་པས་འཛམ་གླིང་སྤྱི་ཡོངས་སུ་ཆབ་སྲིད་དང་དཔལ་འབྱོར།སྤྱི་ཚོགས་བཅས་ཀྱི་འགྱུར་འགྲོས་ཆེན་པོ་ཞིག་ཕྱིན་ཡོད་པ་དང་ཆབས་ཅིག་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་ཡང་དུས་ནས་དུས་སུ་ཡར་རྒྱས་ཀྱི་གོམ་བགྲོད་མི་དམན་པ་བྱུང་ཡོད་ཁར་དམངས་གཙོའི་སྒྲིག་འཛུགས་མཐོ་ཤོས་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུར་ཐེངས་བཅུ་བཞི་དང་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པའི་འོས་བསྡུ་ཐེངས་གཉིས་གནང་ཡོད་པ་སོགས་བཅའ་ཁྲིམས་རིན་པོ་ཆེའི་ཅ་རྐྱེན་ཁག་གི་འོག་དམངས་གཙོའི་སྒྲིག་འཛུགས་དང་ལམ་སྲོལ་གང་ས་ཅི་ཐད་ནས་ཆ་ལག་ཚང་ངེས་ཡོད་པ་མ་ཟད་གཞི་རིམ་མང་ཚོགས་ཀྱིས་འོས་བསྡུ་ཁག་གི་མཚོན་མང་གཙོའི་ལས་རིམ་ནང་ཆ་ཤས་ཚད་ལྡན་བླང་ཐུབ་པའི་ནུས་པ་སྨིན་པར་ཡི་རངས་གནང་གི་ཡོད་སྐོར་གསུངས་ཡོད་པ་དང་ཡང་དག་པའི་མང་གཙོའི་འཕེལ་རིམ་ཚད་མཐོ་ཡོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་མང་ཚོགས་ཀྱི་ཤེས་ཡོན་དང་རང་དབང་གི་རྣམ་དཔྱོད།བསམ་ཚུལ་དང་ལངས་ཕྱོགས།ལྟ་གྲུབ་འདྲ་མིན་ཁག་གི་དབར་གོ་རྟོགས་དང་བཟོད་བསྲན།ཕྱོགས་ཞེན་སྤངས་བའི་བླང་དོར་འབྱེད་ཤེས་པ་སོགས་ད་དུང་གོང་འཕེལ་གཏོང་དགོས་གལ་ཆེ་མ་ཟད་སྒེར་ལས་སྤྱི་གཙོ་ཆེ་བ་དང་ཐོབ་ཐང་ལས་ལས་འགན་གཙོ་བོར་བཟུང་སྟེ་རྟེན་གཞི་འཇུག་ལྡོག་མ་ནོར་བ་གནང་གལ་ཤིན་ཏུ་ཆེ་བའི་སྐོར་མང་ཚོགས་ལ་ལམ་སྟོན་གནང་འདུག
ཕྱོགས་མཚུངས་སྔ་ལོ་བོད་དུ་གཞིས་བཞུགས་མང་ཚོགས་ཀྱིས་ལུག་སྲོལ་ལོངས་སྤྱོད་གང་ལའང་མ་ལྟོས་པར་འཚེ་མེད་ཞི་བའི་ལས་འགུལ་སྤེལ་གནང་བ་ལ་བརྟེན་གནས་སྐབས་བོད་མི་མང་པོར་སྡུག་སྦྱོང་གོད་ཆགས་ཆེན་པོ་བྱུང་ཡོད་ནའང་ནམ་ཕུགས་བློས་གཏོང་དེ་དག་ཆུད་ཟོས་སུ་མི་འགྲོ་བར་བོད་དོན་བདེན་མཐའ་གསལ་ཐབས་ལ་ཕན་ཐོགས་རླབས་ཆེན་ཡོང་རྒྱུ་ཡིན་སྐོར་གསུངས་ཏེ་ད་ཆ་རེ་ཞིག་བབ་ལྷིང་གི་མང་ཚོགས་ཉེན་ཁར་མ་ཚུད་པ་གཙོ་འདོན་གནང་གལ་ཆེ་བ་དང་བོད་རྒྱ་མི་རིགས་དབར་འགལ་ཟླ་འཁོན་འཛིན་མི་ཡོང་བའི་ཐབས་ཚུལ་ལ་སྒོ་ཀུན་འབད་འབུང་དགོས་པའི་འབོད་སྐུལ་ཡང་གནང་འདུག།