སྐུའི་འཁྲུངས་སྐར་ཉིན་བཀའ་ཤག་གི་གསུང་འཕྲིན།
2009.07.06
༄༅༎བཞུགས་སྒར་རྡ་རམ་ས་ལར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༤ལ་ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་བཀའ་ཤག་གི་གཞུང་འབྲེལ་གསུང་བཤད་ཀྱི་སྙིང་པོར་༸གོང་ས་མཆོག་གི་བླ་མེད་མཛད་འཕྲིན་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ཚེ་བརྟན་པར་བཞུགས་པའི་གསོལ་འདེབས་ཞུས་གནང་འདུག
བཀའ་ཤག་གི་ཡོངས་ཁྱབ་གསུང་འཕྲིན་ནང་འཁོད་དོན་ལ་སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་ད་བར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་བོད་མིའི་ཞི་རྒོལ་ནང་ཚེ་སྲོག་ཤོར་བ་དང་ད་ལྟ་བཙོན་ཁང་དུ་ཡོད་པའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་ཐུགས་གསོ་གདུང་སེམས་མཉམ་བསྐྱེད་ཀྱིས་མཛའ་བརྩེའི་འཚམས་འདྲི་ཞུས་གནང་འདུག བོད་རྒྱ་འབྲེལ་མོལ་ཐད་བཀའ་ཤག་གི་གསུང་བཤད་ནང་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱིས་བསམ་འཆར་ཡིག་ཐོག་ཕུལ་ཡོད་ཀྱང་དེར་རྒྱ་ནག་གཞུང་གིས་དེའི་འབྲུ་དོན་ལ་ངོས་ལེན་མེད་པའི་ཁར་རྒྱུ་མཚན་མེད་པར་འཁྱོག་བཤད་སྣ་ཚོགས་བྱས་པའི་སྐྱོན་བརྗོད་གནང་འདུག བཀའ་ཤག་གི་གསུངས་བཤད་ནང་འཛམ་གླིང་ཁྱོན་ཡོངས་སུ་བོད་མིའི་དྲང་བདེན་འཚེ་མེད་ཞི་བའི་འཐབ་རྩོད་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་ཡོངས་ལ་འཚམས་འདྲི་དང་རྒྱ་རིགས་རྣམ་དཔྱོད་ལྡན་པ་མང་པོས་དྲང་བདེན་གྱི་གཏམ་བཤད་དང་རྩོམ་ཡིག་སྤེལ་ཡོད་པ་དེར་བསྔགས་བརྗོད་གནང་འདུག ལྷག་དོན་དུ་ཉེ་དུས་ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་རྔ་རམ་ས་ལར་ཆེད་ཕེབས་ཀྱིས་ཐག་རིང་གི་རྒྱལ་ཁབ་དེས་བོད་མིར་རྒྱབ་སྐྱོར་གནང་བ་དེ་ནི་བྱུང་རབས་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན་ལུགས་བསྔགས་བརྗོད་གནང་འདུག།