དུས་དབང་ཕྱིར་འགྱངས་ཐད་བཀའ་ཤག་གིས་གསལ་བཤད་གནང་བ།
2016.02.05
དེ་ཡང་ཕྱི་ཟླ་གཉིས་པའི་ཚེས་༥ཉིན་བཞུགས་སྒར་རྡ་རམ་ས་ལའི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་། བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་བཅས་ལྷན་བཞུགས་ཐོག ཕྱི་ནང་གསར་འགོད་པ་༣༠ཙམ་ལ་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བའི་གནད་དོན་དང་། སྐུ་ཚབ་དོན་གཅོད་རྣམ་པའི་མཚན་གནས་གྱི་གནད་དོན་ཐོག་གསལ་བཤད་ཀྱི་གསར་འགོད་ལྷན་ཚོགས་ཚུགས་གནང་ཡོད་པ་རེད།
དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བའི་གནད་དོན་ཐོག ན་ནིང་ཕྱི་ཟླ་བརྒྱད་པའི་ཚེས་༢༩ཉིན། ༧གོང་ས་མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གོ་བསྡུར་འགྲེལ་བཤད་སླད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་གཉིས་ཆེད་གཏོང་གནང་སྟེ། ༧གོང་ས་མཆོག་སྨན་བཅོས་འཕྲོད་བཞེས་གནང་དགོས་པའི་སྐོར་བཀའ་བསྡུར་རིམ་པ་བྱུང་ཡོད་པའི་ཐོག ན་ནིང་ཕྱི་ཟླ་བདུན་པའི་ནང་ལྡི་ལིར་ཆེད་ལས་སྨན་པས་བརྟག་དཔྱད་ཞུས་སྐབས། Prostateསྙུང་གཞི་ངོ་སྤྲོད་བྱུང་སྟེ། སྨན་བཅོས་གནང་གལ་ཆེ་ཚུལ་ཞུས་སྐོར་དང་། དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་རྒྱུའི་གསལ་བསྒྲགས་ཞུ་ཕྱོགས་ཐད་སྨན་བཅོས་གནང་དགོས་པའི་རྒྱུ་མཚན་ལ་བརྟེན་ནས་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་དགོས་བྱུང་ལུགས་གསལ་བཀོད་བྱས་ཚེ་གཞིས་བྱེས་མང་ཚོགས་ཁྲོད་དུ་བློ་གཡེང་དང་འུར་འདྲོགས་ཆེན་པོ་ལངས་ཉེན་ཡོད་པར་བརྟེན། ༧གོང་ས་མཆོག་མཛད་འཆར་ཉུང་འཕྲི་ཡོང་བ་དང་སྐུ་ངལ་མང་ཙམ་གསོལ་བཞེས་ཡོང་བའི་གསོལ་འདེབས་དང་སྦྲགས་དུས་འཁོར་དབང་ཆེན་གནང་རྒྱུ་ཕྱིར་འགྱངས་ཆོག་པ་ཞུས་པ་ལ་བཀའ་་བཞེས་བཟང་པོ་ཐོབ་སྐོར་འགོད་རྒྱུ་དགོངས་འཆར་བཅས་ཕུལ་ལུགས་གསུང་འདུག
དེ་བཞིན་སྐུ་ཚབ་དོན་ཅོད་རྣམ་པའི་མཚན་གནས་ཀྱི་གནད་དོན་དེའི་ཐོག བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་དང་པོའི་དོན་ཚན་དང་པོའི་ནང་། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཞེས་པའི་འགོ་བརྗོད་འོག་གསལ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་དོན་དང་དངོས་སུ་འབྲེལ་བའི་གལ་ཆེའི་གནད་དོན་ཞིག་རང་རེ་མཆོག་དམན་སུ་ཐད་ནས་མང་ཚོགས་ཀྱི་གླེང་སྟེགས་གང་སར་འབྲེལ་མེད་གླེང་སློང་དང་རྟོག་དཔྱོད་བྱེད་པ་ནི་མ་འོས་པ་དང་། བློ་ཕམ་གྱི་གནས་ཤིག་ཡིན་ལུགས་སོགས་གསལ་བཤད་གནང་འདུག
དེའི་ཐད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ལན་འདེབས་གནང་བའི་ནང་། སྲིད་སྐྱོང་ནས་སྐབས་དེ་དུས་སྤྱི་འཐུས་ཚོགས་གཙོ་མཆོག་ལ་ཞལ་པར་བརྒྱུད་ནས་གནད་དོན་དེའི་སྐོར་གསུང་ཡོད་པ་དང་། ཡིན་ནའི་དེའི་སྐབས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཉིས་མར་ཕེབས་ཏེ། དེ་ལྟར་གསུངས་སོང་ཞེས་ནང་དོན་གསལ་པོ་གསུང་ཡོད་ན་ད་ལྟའི་གནས་སྟངས་འདི་ཆགས་ཀྱི་མེད་པ་རེད་སོགས་ལན་འདེབས་གནང་འདུག
དེ་བཞིན་སྐུ་ཚབ་དོན་གཅོད་རྣམ་པའི་མཚན་གནས་ཀྱི་གནད་དོན་ཐད། སྤྱི་འཐུས་ཚོགས་གཙོ་མཆོག་གིས། མ་འོངས་པར་ང་སྲིད་སྐྱོང་ཆགས་པ་ཡིན་ན་དོན་གཅོད་ཁག་གི་ལས་དོན་བྱེད་ཕྱོགས་ཐོག་ལམ་སྟོན་གསལ་པོ་བྱེད་རྒྱུ་ཡིན་ཞེས་ཞུས་ཡོད་མ་གཏོགས་དེ་འགྲིག་མིན་གྱི་གནད་དོན་གང་ཡང་ཞུས་མེད་སོགས་ལན་འདེབས་གནང་འདུག
གསར་འགོད་པ་འཆི་མེད།
ཞིབ་ཕྲའི་གནས་ཚུལ་འདི་གའི་བཞུགས་སྒར་གྱི་གསར་འགོད་པ་ཨྱོན་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།