འཇི་ནི་ཝ་གླེང་སྟེགས་ཐེངས་གཉིས་པ་དེ་ཕྱི་ཚེས་༡༤ནས༡༥བར་གནང་བ།
2019.11.14

དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་། སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གཉིས་ཀྱི་གོ་སྒྲིག་འོག་འཇི་ནི་ཝ་གླེང་སྟེགས་ཐེངས་གཉིས་པ་དེ་ཟླ་བ་འདིའི་ཚེས་༡༤ནས་དབུ་འཛུགས་ཀྱིས་སུད་སི་འཇི་ནི་ཝ་གྲོང་ཁྱེར་དུ་སྐོང་ཚོགས་གནང་བཞིན་ཡོད་པ་རེད།
ཕྱི་ཚེས་༡༥བར་སྐོང་ཚོགས་གནང་རྒྱུའི་ཉིན་གྲངས་གཉིས་ཀྱི་གླེང་སྟེགས་དེའི་ཐོག་ཡུ་གུར་དང་། སོག་པོ། ཕ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་པ། ཧོང་ཀོང་དང་། ཐེ་ཝན་སོགས་ཀྱི་སྐུ་ཚབ་འཐུས་མི་ཁྱོན་མི་གྲངས་༡༣༠ལྷག་ཙམ་ནས་མཉམ་བཞུགས་གནང་ཡོད་པ་རེད།
ད་རེས་ཀྱི་གླེང་སྟེགས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་བསྩལ་གནང་བའི་ནང་། འབྱུང་འགྱུར་རྒྱ་ནག་གཞུང་ནས་འཛམ་བུ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་གང་འདྲ་ཞིག་གི་ཐོག་ཏུའང་འགན་འཁུར་ཐུབ་མཁན་གྱི་རྒྱལ་ཁབ་ཅིག་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་པའི་ལམ་སྟོན་བསྩལ་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ང་ཚོ་རླུང་འཕྲིན་ཁང་གི་བཅར་འདྲིར་དང་ལེན་དང་སྦྲགས་གསུངས་སྐབས། ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། འཐུས་མི་རྒྱལ་ཁབ་ཚང་མས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྲིད་བྱུས་མཁྱེན་རྟོགས་གསལ་བོ་ཡོང་བའི་རེ་བ་གནང་གི་ཡོད་སྐོར་གསུངས་སོང་།
ཉིན་གྲངས་གཉིས་རིང་གི་ཚོགས་འདུ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་Carlo Sommaruga་རྣམ་གཉིས་ནས་དབུ་འབྱེད་གནང་ཡོད་པ་རེད།།