ཀརྨ་པས་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་འདུ་དབུ་འབྱེད།
2009.10.24
༄༅༎ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་བཞི་འདི་ནི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དྲན་བསྐུལ་བྱེད་པའི་ཉིན་མོ་ཞིག་ཡིན་ཞིང་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ལས་དོན་གྱི་སྡེ་ཚན་དང་རྡ་སྟེང་གཙང་བཟོའི་སྒྲིག་འཛུགས་དེ་བཞིན་ཏི་སེ་ཁོར་ཡུག་གོ་རྟོག་ལས་འགུལ་ཚོགས་པ་བཅས་ནས་གོ་སྒྲིག་ཞུས་པ་ལྟར་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་ཧི་མ་ལ་ཡའི་རི་བོའི་ཐོག་ཤུགས་རྐྱེན་ཇི་བྱུང་གི་གནད་དོན་དྲིལ་བསྒྲགས་དང་གོ་རྟོག་སྤེལ་ཆེད་ཀྱི་ལས་འགུལ་ཚོགས་འདུ་ཞིག་ཚུགས་འདུག
ཚོགས་འདུ་དེ་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་དབུ་འབྱེད་གནང་ཞིང་ཉིན་གཅིག་གི་ལས་འགུལ་དེའི་ཁོངས་སུ་གཏམ་བཤད་གནང་མཁན་དང་དཔར་གྱི་འགྲེམས་སྟོན་ ས་ཡིག་བསྡུ་རུབ་ དེ་བཞིན་ཁོར་ཡུག་དང་འབྲེལ་བའི་གནད་དོན་ཐད་བགྲོ་གླེང་སོགས་གནང་ཡོད་པ་རེད།
འཛམ་གླིང་ནང་བཟོ་གྲྭ་དང་སྣུམ་འཁོར་ལ་སོགས་པ་འཕྲུལ་ལས་ཀྱི་ལས་གཞི་རྒྱ་སྐྱེད་ཕྱིན་པ་དང་དུས་མཚུངས་མཁའ་རླུང་གི་ནང་དུག་རླངས་ནག་རྫས་ཀྱི་ཚད་གཞི་ཡང་ཧ་ཅང་མཐོ་རུ་ཕྱིན་སྟབས་གོ་ལའི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་དཀའ་ངལ་ཅི་ཆེར་འཕྲད་བཞིན་ཡོད་པ་དང་དེའི་རྐྱེན་གྱི་ཧི་མ་ལ་ཡའི་རི་བོའི་འཁྱགས་རོམ་ཞུར་ཚད་མྱུར་དུ་འགྲོ་བཞིན་པ་དང་དེ་མཚུངས་འཛམ་གླིང་བྱང་མཐའ་དང་ལྷོ་མཐའི་འཀྱགས་རོམ་ཡང་ཞུར་ཚད་མྱུར་དུ་ཕྱིན་སྟེ་རྒྱ་མཚོའི་ཆུ་ཚད་མཐོ་རུ་འགྲོ་བཞིན་པ་དང་དེའི་རྐྱེན་གྱིས་ས་ཁུལ་འགའ་ཤས་ཀྱི་ནང་ཆུ་ལོག་གི་ཉེན་ཁ་ཆེ་རུ་ཕྱིན་པ་དང་ཡང་ཡུལ་ལུང་འགའ་ཤས་ཀྱི་ནང་ཐེན་པ་སྟེན་པའི་དཀའ་ངལ་སོགས་འཕྲད་བཞིན་ཡོད་པ་རེད།
བཙན་བྱོལ་བོད་གཞུང་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་དུག་རླངས་ནག་རྫས་ཀྱི་ཚད་གཞི་ཉུང་དུ་གཏོང་ཐབས་སུ་མི་སྒེར་སོ་སོའི་ཐོག་ནས་ཁོར་ཡུག་ཉམས་ཆགས་འགྲོ་བཞིན་པའི་གནད་དོན་ཛ་དྲག་ཅན་ཞིག་ཡིན་པ་ངེས་ཤེས་བརྙེད་དེ་གད་སྙིགས་གང་བྱུང་མེར་བསྲེག་མི་གཏོང་བ་དང་གློག་གི་ཤེལ་རྡོག་ཀྱང་ཁོར་ཡུག་ལ་མི་གནོད་པའི་རིགས་བེད་སྤྱོད་བྱ་རྒྱུ་སོགས་ཕན་པའི་ལས་དོན་མང་དག་ཅིག་བྱ་རྒྱུ་ཡོད་སྐོར་གསུངས་འདུག།