ཉི་ཧོང་ནང་ཀརྨ་པ་མཆོག་གིས་བསྡུ་སྒྲིག་གནང་བའི་པར་རིས་སྒྱུ་རྩལ་གྱི་འགྲེམས་སྟོན།
2017.11.17

ཉི་ཧོང་གི་གྲོང་ཁྱེར་(Kyoto)་ནང་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བསྡུ་སྒྲིག་དང་བཟོ་སྐྲུན་གནང་བའི་པར་རིས་སྒྱུ་རྩལ་གྱི་འགྲེམས་སྟོན་གནང་བཞིན་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་བོད་ཁང་ Tibet House Hong Kong ཞེས་པས་གོ་སྒྲིག་འོག་ཉི་ཧོང་གི་རྒྱལ་ས་རྙིང་པ་ཀྱོ་ཏོ་ Kyoto རུ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བསྡུ་སྒྲིག་དང་བཟོ་སྐྲུན་གནང་བའི་བོད་ཀྱི་ཆོས་དང་རིག་གཞུང་སྐོར་གྱི་པར་རིས་དང་། ཡིག་རིག་སོགས་སྒྱུ་རྩལ་གྱི་འགྲེམས་སྟོན་གནང་བཞིན་ཡོད་ཅིང་། པར་དེ་དག་རིན་པོ་ཆེ་མཆོག་ནས་མཁོ་བསྡུ་གནང་བ་མ་ཟད། སྒྱུ་རྩལ་གྱི་དངོས་རྫས་རྣམས་རིན་པོ་ཆེ་རང་ཉིད་ནས་བཟོ་སྐྲུན་དང་སྒྲིག་སྦྱོར་གནང་བ་ཞིག་ཡིན་འདུག
ཉིན་གྲངས་བཅུ་ཙམ་རིང་སྤེལ་རྒྱུའི་འགྲེམས་སྟོན་དེ་བཞིན་ཕྱི་ཚེས་ ༡༦ ་ཉིན་༧སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས། སན་ཡུ་ཇི་ལྷ་ཁང་ Sennyuji Temple ནང་དབུ་འབྱེད་གནང་བ་དང་། སྐབས་དེར་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ཉི་ཧོང་དང་བོད་གཉིས་བར་ཆོས་དང་རིག་གཞུང་ཙམ་མ་ཟད། མི་རིགས་ཀྱི་ལོ་རྒྱུས་བཤད་སྟངས་ཐོག་ནས་ཀྱང་འབྲེལ་བ་ཡོད་པ་དང་། ལྷག་པར་རྒྱལ་ས་རྙིང་པ་ཀྱོ་ཏོ་དང་བོད་བར་རྒྱལ་དབང་སྐུ་ཕྲེང་ ༡༣ ་པའི་སྐབས་ནས་སློབ་མ་བརྗེ་རེས་སོགས་ཀྱི་འབྲེལ་བ་ཡོད་པ་གསུང་སྟེ། ད་རེས་ཀྱི་འགྲེམས་སྟོན་འདིས་བོད་དང་ཉི་ཧོང་བར་སྔར་མཐུན་འབྲེལ་ཡོད་པ་དེ་དག་སླར་གསོ་གནང་པའི་རེ་བ་ཞུ་བཞིན་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་འདུག
རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འགྲེམ་སྟོན་དབུ་འབྱེད་ཐོག་དངོས་སུ་ཕེབས་མེད་ཀྱང་། བརྙན་འཕྲིན་བརྒྱུད་རིན་པོ་ཆེ་མཆོག་རི་མོའི་སྒྱུ་རྩལ་དང་པར་རྒྱག་རྒྱུར་ཐུགས་སྣང་ཡོད་སྐོར་དང་། སྒྱུ་རྩལ་ལ་དོ་སྣང་གནང་བ་དེས་སེམས་ནང་ཞི་བདེ་ཡོང་བར་ཕན་ཐོགས་ཡོད་སྐོར་གསུངས་འདུག་ལ། ཕྱོགས་མཚུངས་རིན་པོ་ཆེ་མཆོག་ནི་ཉི་ཧོང་གི་རི་མོའི་སྒྱུ་རྩལ་དང་འབྲེལ་བའི་ཡུལ་གོམས་གཤིས་ལུགས་ལ་བསྔགས་བརྗོད་ཤུགས་ཆེ་ཞུ་མཁན་ཞིག་ཡིན་པ་གསུང་འདུག
ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྩལ་བའི་གསུང་འཕྲིན་ཞིག་གནང་ཡོད་པའི་ནང་། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ལ་ཐུགས་སྣང་གནང་བར་བསྔགས་བརྗོད་མཛད་ཡོད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།