ཀརྨ་པ་མཆོག་ལ་དྭགས་ཁུལ་དུ་ཆོས་འབྲེལ་བསྐྱངས་བཞིན་པ།
2008.09.10
༄༅༎ལ་དྭགས་ནང་པའི་ཆོས་ཚོགས་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཁ་ས་ཕྱི་ཚེས་༩ཉིན་ རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་རྒྱལ་ས་སླེ་ནང་ཕེབས་འབྱོར་གནང་འདུག
ཀརྨ་པ་མཆོག་ལ་དྭགས་ཁུལ་བཞུགས་གདན་འཇགས་ཡུན་རིང༌། ནང་ཆོས་དང་འབྲེལ་བའི་ལ་དྭགས་ཀྱི་ཐག་རིང་ས་ཁུལ་ཁག་འགའ་ཤས་ནང་ཕེབས་ནས་ དད་ལྡན་ཆོས་ཞཟུ་བ་ཚོར་གསུང་ཆོས་དང་ཚེ་དབང་སོགས་མཛད་རྒྱུ་ཡིན་པ་རེད་ རྒྱལ་ས་ཀརྨ་པ་མཆོག་གི་བླ་བྲང་ནས་ཀརྨ་པ་མཆོག་ད་རེས་ལ་དྭགས་ཁུལ་ཕེབས་ཡག་གི་སྐུ་དོན་གཙོ་བོ་དེ་ཁུལ་དེའི་ནང་གི་སེར་སྐྱ་མང་ཚོགས་ལ་མཇལ་ཁ་གནང་རྒྱུ་ཁོ་ནའི་དོན་དུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག
ཁ་ས་རྒྱལ་བ་ཀརྨ་པ་མཆོག་ཆོས་ཁང་དགོན་པའི་ཕྱོགས་སུ་ཕེབས་གནང་མཛད་སྐབས་ཕེབས་ལམ་གྱི་གཡས་གཡོན་གཉིས་སུ་ཀརྨ་པའི་ཞལ་མཇལ་ཐོབ་རྒྱུའི་རེ་སྒུག་ཞུ་བཞིན་པའི་ལ་དྭགས་པ་དང་བོད་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་མི་དམངས་རྒྱ་ཆེ་ཞོགས་པ་སྔ་པོ་ནས་འདུ་འཛོམས་གནང་ཡོད་པ་རེད། ཆོས་ཁང་དགོན་པའི་ནང་ཀརྨ་པ་མཆོག་ལ་མཎ་ཌལ་རྟེན་གསུམ་བསྟར་འབུལ་ཞུས་ཡོད་པ་དང་། ཀརྨ་པ་མཆོག་ནས་ལ་དྭགས་ཁུལ་དུ་རེས་བསྐྱར་དུ་ཐེངས་གཉིས་པ་ཕེབས་བཞུགས་གནང་ཐུབ་པ་དེར་འགྱེས་འཚོར་ཆེན་པོ་གནང་པའི་ཐོག་ནས། ལ་དྭགས་པ་ཚོ་ནང་ཆོས་ལ་དད་པ་ཆེན་པོ་ཞུ་མཁན་ཡིན་པར་ངོས་འཛིན་གནང་སྟེ། དེ་སྔོན་ཁུལ་དེར་༢༠༠༡ལོར་ཐེངས་དང་པོ་ཕེབས་སྐབས་མང་ཚོགས་ནས་གུས་བརྩི་ཆེན་པོ་ཞུས་ཡོད་པར་བསྔགས་བརྗོད་གནང་བ་དང་སྦྲགས། མ་འོངས་པར་ལ་དྭགས་ཁུལ་ཡང་ནས་ཡང་དུ་ཕེབས་ཐུབ་པའི་ཐུགས་རེ་དང་སྨོན་འདུན་གནང་གི་ཡོད་ཅེས་བཀའ་གནང་འདུག
དེ་རིང་རྒྱལ་ས་ཀརྨ་པ་མཆོག་གིས་ ལ་དྭགས་ཁུལ་གྱི་ཨེསི་ཨོ་ཨེསི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་གསུང་ཆོས་བསྩལ་གནང་མཛད་རྒྱུ་ཡིན་ཞིང༌། ལ་དྭགས་ནང་གི་ཆོས་ཕྱོགས་དང་འབྲེལ་བའི་མཛད་འཆར་ཁག་གྲུབ་རྗེས། ཧི་མ་ཅལ་ པར་རྡེཤི་མངའ་སྡེའི་ནང་གི་ ལ་ཧོལ་དང་སི་པིཊི་ནང་ཕེབས་གནང་མཛད་སྟེ། འཛམ་གླིང་ནང་ཡོངས་སུ་གྲགས་པའི་ཏ་བུ་དགོན་པའི་ཐེ་པའི་ཁུལ་དེའི་ནང་གི་ནང་པའི་གནས་མཆོག་ཁག་ཏུ་ཆོས་ཕྱོགས་ཀྱི་གསོལ་འདེབས་སྨོན་ལམ་གྱི་འདུ་འཛོམས་ཐོག་ཕེབས་བཞུགས་གནང་རྒྱུ་ཡིན་པ་ལྟར། རྒྱལ་ས་ཀརྨ་པ་མཆོག་ལ་དྭགས་དང་ལ་ཧོལ་སི་པིཊི་མངའ་ཁུལ་ནང་གི་ཆིབས་བསྒྱུར་དེ་ཕྱི་ཟླ་༡༠པའི་ཚེས་༣ཉིན་མཇུག་སྒྲིལ་གནང་རྒྱུ་ཡིན་པཔའི་གནས་ཚུལ་ཐོན་འདུག།