རྒྱལ་བ་ཀརྨ་པ་མཆོག་གིས་བོད་མིར་ཟུར་མཇལ་བཀའ་སློབ།
2012.01.06
༄༅༎རྒྱལ་བ་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཁ་ས་གནས་མཆོག་རྡོ་རྗེ་གདན་དུ་བོད་ནས་དུས་འཁོར་དབང་ཆེན་ཞུ་བར་བཅར་མཁན་གྱི་བོད་མི་རྣམས་ལ་ཟུར་མཇལ་བཀའ་སློབ་གནང་ཡོད་པ་དང་ བཀའ་སློབ་ནང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ བོད་ནང་སྐབས་འགར་བོད་མི་ནང་ཁུལ་འཁྲུག་རྩོད་ཆེན་པོ་ཡོང་གི་ཡོད་པའི་གནས་ཚུལ་གོ་ཐོས་ཡོང་གི་ཡོད་པར་ ཐུགས་ཕམ་ཡོང་གི་ཡོད་པ་དང་ བོད་མི་ཚོས་ནང་ཁུལ་འཁྲུག་འཛིང་སྤང་སྟེ་མཐུན་སྒྲིལ་དམ་གཟབ་བྱ་དགོས་པའི་བཀའ་གནང་ཡོད་པ་རེད་་ ཡང་རིན་པོ་ཆེ་མཆོག་གིས་གལ་ཏེ་བོད་མི་ཚོས་སྤྱི་ནོར་༧གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡག་པོ་ཞིག་བྱས་པ་ཡིན་ན་ བོད་མིའི་ནུས་སྟོབས་འདི་སྔར་བཙན་པོའི་དུས་རབས་བོད་མིའི་གནས་བབས་ལྟར་ བསྐྱར་གསོ་ཐུབ་རྒྱུ་ཡོད་པ་དང་ བོད་མིའི་ནུས་ཤུགས་ཀྱི་གོང་བུ་འདི་བཙན་པོའི་དུས་སྐབས་ཀྱི་བོད་མིའི་ནུས་ཤུགས་དེ་ལྟ་བུ་ཞིག འབུར་ཐོན་ ཐོན་འགོ་ཚུཌ་བཞིན་ཡོད་པའི་བཀའ་གནང་ཡོད་པ་རེད་་ ཡང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཁོང་བོད་ནང་སྐུ་འཁྲུངས་ཤིང་འཚར་ལོངས་བྱུང་བ་ཞིག་ཡིན་པས་བོད་ནས་ཕེབས་པའི་བོད་མི་ཚོ་མཇལ་པའི་སྐབས་ནང་མི་ཐུག་འཕྲད་བྱུང་བ་ལྟ་བུའི་ཐུགས་དགྱེས་ཚོར་ཆེན་པོ་ཡོང་གི་ཡོད་པ་དང་ རིན་པོ་ཆེ་མཆོག་ནས་ ཉིན་གཅིག་བོད་ལ་ཕྱིར་ལོག་གནང་རྒྱུའི་གོ་སྐབས་ཡོང་བ་དང་ སྐབས་དེར་བོད་མི་ཚོར་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ཤིག་ཡོང་བའི་ ཐུགས་སྨོན་གནང་གི་ཡོད་སྐོར་་ བཀའ་གནང་ཡོད་པ་རེད་