སྐུ་སྒེར་གྱི་འབྲེལ་བ་བརྒྱུད་ནས་སྐུ་རྐྱང་གི་བཀའ་མོལ་གནང་འདུག
2018.10.12
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་མཐའ་ཡས་རྡོ་རྗེ་རྣམ་གཉིས་མཇལ་འཕྲད་སྐབས་སྐུ་རྐྱང་ལས་སུ་ཞིག་ཀྱང་ལྷན་ཞུགས་གནང་མེད་པ་རེད་འདུག
རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་མཐའ་ཡས་རྡོ་རྗེ་རྣམ་གཉིས་ཧྥ་རན་སིའི་གྲོང་གསེབ་དབེན་གནས་ཤིག་ཏུ་མཇལ་འཕྲད་གནང་པ་དེ་ནི་ཁོང་གཉིས་སྐུ་སྒེར་གི་འབྲེལ་བའི་བརྒྱུད་རིམ་ཁོ་ནའི་ཐོག་ནས་བྱུང་བ་ཞིག་ཡིན་འདུག་པ་དང་། དེ་ཡང་གཙོ་བོ་བོད་བརྒྱུད་ནང་པ་སྤྱི་དང་། ལྷག་པར་ཀམ་ཚང་བཀའ་བརྒྱུད་དུམ་བུ་ཁ་བྲལ་དུ་སོང་བ་ཆིག་སྒྲིལ་ཡོང་ཐབས་དང་ཡར་རྒྱས་ཡོང་ཆེད་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནད་དོན་འདིའི་ཐད་བརྒྱུད་མངའ་གསལ་པོ་ཡོད་པ་ཞིག་གིས་ངོ་སྤྲོད་གནང་ཡོད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་རྣམ་གཉིས་སྐུ་རྐྱང་གིས་ཕྱི་ཟླ་༡༠པའི་ཚེས་༡༠ དང་༡༡བཅས་ལ་སྐུ་སྒེར་གྱི་མཇལ་འཕྲད་གནང་འདུག་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་མཁན་དེས་གསུངས་ན། མཇལ་འཕྲད་སྐབས་ཁོང་རྣམ་གཉིས་མ་གཏོགས་གཞན་སུ་ཞིག་ཀྱང་ལྷན་ཞུགས་གནང་མེད་པ་རེད་འདུག་ལ། སྐབས་དེར་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སུད་སི་ནང་བཞུགས་བཞག་གནང་པ་དང་བསྟུན་ཁོང་སྐུ་རྐྱང་ཕེབས་གྲོར་བཞུགས་ཏེ་སུད་སི་དང་ས་འབྲེལ་འཁེལ་བའི་ཧྥ་རན་སིའི་གྲོང་གསེབ་དེར་ཆེད་ཕེབས་གནང་འདུག
ཕྱི་ཚེས་༡༡ཉིན་ཁོང་གཉིས་ཀྱི་ཟུང་འབྲེལ་ཐོག་གསལ་བསྒྲགས་དེ་སྤེལ་གནང་པ་དང་། དེའི་ནང་ཁོང་གཉིས་མཇལ་འཕྲད་བྱུང་ནས་ཕན་ཚུན་རྒྱུས་ལོན་གནང་རྒྱུའི་གོ་སྐབས་བྱུང་བ་དེ་ཤིན་ཏུ་སྐལ་པ་བཟང་ལ་འདི་ནི་ངེད་གཉིས་པོས་ལོ་མང་རིང་གི་རེ་བ་ཞིག་ཡིན་པར་བརྟེན་རེ་བ་དེ་ད་ལྟ་མངོན་དུ་གྱུར་པ་ནི་ཤིན་ཏུ་དགའ་སྤྲོ་སྐྱེ་འོས་པའི་ཡུལ་དུ་གྱུར་ཡོད་པ་བཀའ་བསྩལ་གནང་འདུག་པ་མ་ཟད། མཇལ་འཕྲད་འདི་ནི་གཙོ་བོ་ཕན་ཚུན་སྐུ་སྒེར་གྱི་དབར་རྒྱུས་མངའ་དང་འབྲེལ་འདྲིས་ཡོང་བ་དང་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པ་སྲ་བརྟན་དང་དར་རྒྱས་ཡོང་བའི་ཆེད་མཉམ་དུ་ཕྱག་ལས་གནང་ཕྱོགས་ཇི་དགེའི་སྐོར་དགོངས་ཚུལ་སྤེལ་རེས་དང་བཀའ་བསྡུར་གཏིང་ཟབ་ཏུ་ཡོང་རྒྱུ་བཅས་ཡིན་པ་སོགས་འཁོད་ཡོད་པ་རེད།
ཟུང་འབྲེལ་གྱི་བསྒྲགས་གཏམ་ནང་ཀརྨ་པ་ཞེས་མཚན་བེད་སྤྱོད་གཏང་མེད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་རྣམ་གཉིས་ཀྱི་མཇལ་འཕྲད་སྐབས་དེར་འབྲས་ལྗོངས་སུ་ཡོད་པའི་རུམ་ཏེག་དགོན་པའི་ཁ་མཆུ་ལྟ་བུའི་རྩོད་རྙོག་གི་གནད་དོན་རིགས་གང་ཡང་བཀའ་བསྡུར་གནང་མིན་འདུག་ལ། ཀརྨ་པ་སུ་ཡིན་མིན་ཐད་ལ་ཡང་བཀའ་མོལ་དང་ཐག་གཅོད་སོགས་གང་ཡང་བྱུང་མེད་པ་རེད་འདུག
ཕྱི་ལོ་ ༡༩༨༡ ལོར་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐུགས་སྲས་རྒྱལ་ཚབ་རྣམ་པའི་བར་མི་མཐུན་པའི་གནས་ཚུལ་བྱུང་ཞིང་། རྒྱལ་ཚབ་སི་ཏུ་རིན་པོ་ཆེས་མདོ་ཁམས་ལྷ་ཐོག་ཁུལ་དུ་འཁྲུངས་པ་ད་ལྟའི་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་། ཡང་མདོ་ཁམས་རྫ་ཆུ་ཁ་རུ་འཁྲུངས་པ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་དུ་རྒྱལ་ཚབ་ཞྭ་དམར་རིན་པོ་ཆེ་ཡིས་ངོས་འཛིན་གནང་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་བདུན་པའི་ཟླ་མཇུག་ཏུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་ལེ་ཚན་ཞིག་གི་སྐབས། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཀརྨ་པའི་ཡང་སྲིད་གནད་དོན་གྱི་ཐོག་ནས་ཀརྨ་ཀམ་ཚང་ཐོག་གནད་དོན་ལྷག་པ་དེ་དག་སེལ་ཐབས་ཐད་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་དང་དངོས་སུ་མཇལ་འཕྲད་ཞུས་ཡོད་པ་གསུངས་ཏེ། དཀའ་རྙོག་འདི་སེལ་ཐབས་ཐད་ཐུགས་འདུན་ཆེན་པོ་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
ཡང་ཕྱི་ཚེས་༡༡ཉིན་སྤེལ་བའི་ཟུང་འབྲེལ་གསལ་བསྒྲགས་དེའི་ནང་མུ་མཐུད། ད་རེས་མཇའ་འཕྲད་འདིའི་དམིགས་ཡུལ་གཙོ་བོ་ནི།ངེད་གཉིས་ཕན་ཚུན་དུས་ཚོད་མང་ཙམ་བཏང་ཏེ་སྐུ་སྒེར་གྱི་འབྲེལ་བ་འཛུགས་རྒྱུ་དང་། བཀའ་མོལ་དང་དགོངས་ཚུལ་ལྷུག་པོ་གནང་ནས་ཐོག་མར་ངོ་ཤེས་བཟང་པོ་ཡོང་བ་དང་། དེ་ལ་བརྟེན་ནས་མ་འོངས་པར་ཡང་ཕན་ཚུན་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ཡིན་ཞེས་འཁོད་འདུག
གསར་འགོད་པ་རྡོ་རྗེ་དགྲ་འདུལ།