ཀརྨ་པ་མཆོག་འབྲས་ལྗོངས་སུ་གདན་ཞུའི་ལས་དོན་ཆེད་སྔོན་རྩིས་རྒྱ་གར་སྒོར་མོ་ས་ཡ་བཅུ་བཀའ་ཁྲོལ་ཞུས་འདུག

2021.08.16
ཀརྨ་པ་མཆོག་འབྲས་ལྗོངས་སུ་གདན་ཞུའི་ལས་དོན་ཆེད་སྔོན་རྩིས་རྒྱ་གར་སྒོར་མོ་ས་ཡ་བཅུ་བཀའ་ཁྲོལ་ཞུས་འདུག འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Prem Singh Tamang)་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་མཇལ་མོལ་སྐབས། 8/12/21
twitter/PMOIndia

འབྲས་ལྗོངས་མངའ་སྡེ་གཞུང་གིས་རྒྱལ་དབང་ཀརྨ་པ་རྒྱ་གར་དུ་ཕྱིར་ཕེབས་ཆེད་མུ་མཐུད་དུ་འབད་བརྩོན་གནང་བཞིན་པ་དང་དེའི་ཆེད་དངུལ་གྲོན་རྒྱ་གར་སྒོར་མོ་ས་ཡ་བཅུ་སྔོན་རྩིས་བཀའ་ཁྲོལ་ཞུས་ཡོད་འདུག
ཉེ་ལམ་འདི་ཚེས་༡༣་ཉིན། རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Prem Singh Tamang)་ལགས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་མུམ་བྷེཡི་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ནས་ཕྱིར་འབྲས་ལྗོངས་སུ་འབྱོར་མ་ཐག་གསར་འགོད་ལྷན་ཚོགས་ཞིག་གི་ཐོག ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པའི་ངོས་ནས་རྒྱལ་དབང་ཀརྨ་པའི་གནད་དོན་དེ་གལ་ཆེ་དོན་ཆེན་དུ་རྩིས་པའི་ཐོག ཁོང་མགྱོགས་མྱུར་འབྲས་ལྗོངས་ནང་ཞབས་སོར་འཁོད་ཆེད་རྒྱ་གར་དབུས་གཞུང་དང་ལྷན་དུ་གྲོས་བསྡུར་གནང་བཞིན་ཡོད་སྐོར་དང་། ད་ལྟའི་ཆར་རྒྱལ་དབང་ཀརྨ་པ་མཆོག་ཕྱིའི་རྒྱལ་ཁབ་དུ་བཞུགས་ཡོད་པ་དང་། ཁོང་ཕྱིར་རྒྱ་གར་དུ་ཕེབས་མ་ཐག་རྒྱ་གར་དབུས་གཞུང་ཀྱི་བཀའ་ཁྲོལ་ཐོག་འབྲས་ལྗོངས་སུ་གདན་ཞུ་གནང་རྒྱུ་ཡིན་པ་མ་ཟད། ཁོང་གི་གདན་ཞུའི་ལས་དོན་ཆེད་དུ་མངའ་སྡེ་གཞུང་ཕྱོགས་ནས་འདི་ལོ་དམིགས་བསལ་འགྲོ་གྲོན་སྔོན་རྩིས་རྒྱ་གར་སྒོར་མོ་ས་ཡ་བཅུ་ཙམ་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།
ད་དུང་ཁོིང་གིས། རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་སུ་གདན་ཞུའི་ཆེད་དུ་འབྲས་གཞུང་དགོན་གནས་བློན་ཆེན་སྐུ་ཞབས་བསོད་ནམས་བླ་མ་ལགས་ཀྱིས་སྣེ་ཁྲིད་པའི་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་ཡོད་པ་མ་ཟད། ད་ལྟ་འཛམ་གླིང་ཁྱོན་ཡོངས་ནང་འཕྲད་བཞིན་པའི་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་དེ་སེལ་མ་ཐག་རྒྱ་གར་དབུས་གཞུང་ལ་ཆོག་མཆན་ཞུས་པའི་ཐོག་ཀརྨ་པ་བཞུགས་ཡུལ་རྒྱལ་ཁབ་དུ་བཅར་ནས་ཁོང་ལ་མཇལ་འཕྲད་ཀྱིས་འབྲས་ལྗོངས་ནང་ཕེབས་རྒྱུའི་གསོལ་འདེབས་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།
ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་ཕྱི་རྒྱལ་ཡུལ་གྲུ་(Commonwealth of Dominica)་རྒྱལ་ཁབ་ཀྱི་མི་སེར་ལག་འཁྱེར་ཐོག་ད་ཆ་ཕྱི་རྒྱལ་དུ་བཞུགས་ཡོད་པ་དང་། ད་ལན་འབྲས་ལྗོངས་གཞུང་ནས་ཀརྨ་པ་མཆོག་རྒྱ་གར་དང་ལྷག་པར་དུ་འབྲས་ལྗོངས་ནང་ཞབས་སོར་འཁོད་ཐུབ་ཆེད་འབད་བརྩོན་གནང་བཞིན་པ་དང་མཉམ། གདན་ས་རུམ་བཏེག་གི་དགེ་འདུན་འདུས་དམངས་ནས་ཀརྨ་པ་མཆོག་འབྲས་ལྗོངས་ནང་ཕེབས་ཐུབ་རྒྱུའི་རེ་བ་ཆེན་པོ་གཟིགས་ཀྱི་ཡོད་པ་རུམ་བཏེག་དགོན་པའི་མཁན་པོ་ཀརྨ་ཚེ་བརྟན་ལགས་ཀྱིས་གསུངས་བྱུང་།
རྒྱལ་དབང་ཀརྨ་པ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུད་ཆེན་པོ་བཞི་ཡོད་པའི་ནང་ནས་ཀརྨ་བཀའ་རྒྱུད་པའི་དབུ་ཁྲིད་ཡིན་པ་དང་། ཁོང་ཕྱི་ལོ་༢༠༠༠་ལོར་བཙན་བྱོལ་དུ་ཕེབས་རྗེས། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ཨ་ཊལ་བྷི་ཧཱ་རི་བྷ་ཇི་པ་ཡེ་མཆོག་གིས་རྒྱ་གར་ནང་བཞུགས་ཆོག་པའི་ཆོག་མཆན་གནང་ཡོད་ན་ཡང་། ཕྱིས་སུ་རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་དུ་རང་དབང་གི་ཐོག་ནས་ཕེབས་རྒྱུར་བཀག་སྡོམ་གནང་བར་བརྟེན་ཁོང་འབྲས་ལྗོངས་ནང་ཕེབས་ཐུབ་མེད་པ་དང་། འབྲས་ལྗོངས་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་གིས་རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་ནང་ཕེབས་རྒྱུའི་ཆོག་མཆན་ཐོབ་ཆེད་ཟས་བཅད་ངོ་རྒོལ་དང་། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་མ་ཟད། རྒྱ་གར་ནང་སྲིད་ལས་ཁུངས་དང་སྲིད་བློན་ལས་ཁུངས་བཅས་ལ་ཞུ་སྙན་ཕུལ་པའི་འབྲས་བུར་ད་ཆ་ཁོང་གདན་ས་རུམ་བཏེག་དགོན་ཕུད་གཞན་འབྲས་ལྗོངས་ཀྱི་ས་གནས་གང་སར་ཕེབས་ཆོག་པའི་ཆོག་མཆན་ཐོབ་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎