ཨ་མི་རི་ཀའི་སྲིད་འཛིན་གཞོན་པས་ཨེ་ཤེ་ཡའི་མངའ་ཁུལ་དུ་འཚམས་གཟིགས་གནང་།

2021.08.23
ཨ་མི་རི་ཀའི་སྲིད་འཛིན་གཞོན་པས་ཨེ་ཤེ་ཡའི་མངའ་ཁུལ་དུ་འཚམས་གཟིགས་གནང་། ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ལྕམ་(Kamala Harris)་ལགས་དང་སེང་གྷ་ཕུར་གྱི་སྲིད་བློན་(Lee Hsien Loong)་གཉིས་ཟུང་འབྲེལ་གསར་འགོད་ལྷན་ཚོགས་སྐབས། ༨།༢༣།༢༡
AP

ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ལྕམ་(Kamala Harris)་ལགས་ཀྱིས་ཨེ་ཤེ་ཡའི་མངའ་ཁུལ་དུ་འཚམས་གཟིགས་གནང་བཞིན་པའི་ཉིན་དང་པོར་འདི་ཚེས་༢༣་ཉིན་སེང་གྷ་ཕུར་གྱི་སྲིད་འཛིན་(Halimah Yacob)་ལགས་དང་། སྲིད་བློན་(Lee)་རྣམ་གཉིས་མཇལ་འཕྲད་བཀའ་མོལ་གནང་འདུག
མཇལ་མོལ་རྗེས་ཟུང་འབྲེལ་གྱི་གསར་འགོད་ལྷན་ཚོགས་ཤིག་གནང་སྐབས། ལྕམ་ཀ་མ་ལ་ཧེ་རིས་ལགས་ཀྱིས། ད་ལྟའི་ཆར་ཨ་རིས་ཨཕ་གྷ་ནིས་ཐན་ནས་ཨ་རིའི་མི་སེར་དང་། ཨ་རི་མཉམ་དུ་ལས་ཀ་བྱེད་མཁན། དེ་བཞིན་བེུད་དང་བྱིས་པ་སོགས་ཉེན་ཁ་ཡོད་པ་ཚོ་ཕྱིར་འཐེན་གནང་རྒྱུར་དོ་སྣང་གནང་གི་ཡོད་སྐོར་གསུངས་འདུག སྐབས་དེར་སིང་གྷ་པུར་གྱི་སྲིད་བློན་(Lee)་ཡིས་ཨཕ་གྷ་ནིས་ཐན་དེ་བཞིན་ཡང་བསྐྱར་དྲག་པོའི་འཇིགས་སྐུལ་རིང་ལུགས་ཀྱི་ལྟེ་གནས་ཤིག་ཏུ་མི་འགྱུར་བའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་པ་དང་སྦྲགས། སིང་གྷ་པུར་གྱིས་ཨཕ་གྷ་ནིས་ཐན་ནས་མི་མང་ཕྱིར་འཐེན་ལ་ཕན་གྲོགས་ཞུ་ཕྱིར་གནམ་གྲུ་གཏོང་འདོད་ཡོད་སྐོར་ཞུས་ལུགས་གསུངས་འདུག
ལྕམ་ཀ་མ་ལ་ཧེ་རིས་ལགས་ཀྱིས་ད་རེས་ཀྱི་འཚམས་གཟིགས་འདིའི་སྐབས་སུ། ཨ་རིས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་ཁས་ལེན་དམ་བཅའ་གནང་བ་གཡོ་མེད་བརྟན་པོར་གནས་ཡོད་པ་སིང་གྷ་པུར་དང་ཝེཏ་ནམ་གཉིས་ལ་ཡིད་ཆེས་སུ་འཇུག་རྒྱུ་ལས། ཨཕ་གྷ་ནིས་ཐན་དང་མཚུངས་བསྡུར་གནང་རྒྱུ་མིན་སྟབས། ཁོང་མོས་ད་རེས་སིང་གྷ་པུར་ནང་ཕེབས་དོན་ནི། སིང་གྷ་པུར་དང་མངའ་ཁུལ་དེའི་ཡུལ་གྲུ་ཁག་དང་མཉམ་དུ་འབྲེལ་ལམ་མུ་མཐུད་དུ་རྒྱུན་འཁྱོངས་དང་། བརྟན་པོ་གནང་ཕྱིར་དང་། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དེ་བཞིན་རང་དབང་དང་སྒོ་མོ་ཕྱེ་ནས་གནས་རྒྱུའི་ཐུན་མོང་གི་འཆར་སྣང་ཁག་ལ་ཤུགས་སྣོན་རྒྱག་ཕྱིར་ཡིན་སྐོར་གསུངས་འདུག
ཨ་རིའི་སྲིད་འཛིན་སྐུ་གཞོན་ལྕམ་ཀ་མ་ལ་ལགས་ཀྱིས་ད་རེས་ཨེ་ཤེ་ཡའི་མངའ་ཁུལ་ནང་འཚམས་གཟིགས་གནང་རྒྱུའི་དམིགས་ཡུལ་གཙོ་བོ་ནི། མངའ་ཁུལ་དེའི་ནང་གི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་འབྲེལ་ལམ་དམ་ཟབ་དུ་བཏང་སྟེ་ཁུལ་དེ་དག་ནང་རྒྱ་ནག་གི་ཕྱོགས་ནས་དཔལ་འབྱོར་དང་བདེ་འཇགས་སྲུང་སྐྱོབ་ཐད་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པར་ཁ་གཏད་གདོང་ལེན་གནང་ཕྱིར་ཡིན་འདུག
སིང་གྷ་པུར་ནི་ཨ་རི་དང་ཆིངས་དོན་ཡོད་པའི་མཐུན་ཕྱོགས་རྒྱལ་ཁབ་ཅིག་མིན་ན་ཡང་ཚོང་འབྲེལ་དང་བདེ་འཇགས་སྲུང་སྐྱོབ་ཐད་ནས་མངའ་ཁུལ་དེའི་ནང་ཨ་རི་དང་འབྲེལ་ལམ་ཆེ་ཤོས་གྲས་ཤིག་ཡིན་ཡང་། ཡུལ་དེས་ཨ་རི་དང་རྒྱ་ནག་གཉིས་གང་གི་ཕྱོགས་སུ་མ་ལྷུང་པར་བར་གནས་སུ་གནས་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་འདུག ཨ་རི་དང་སིང་གྷ་པུར་གཉིས་ཀྱིས་ད་རེས་སིང་གྷ་པུར་ནང་ཨ་རིའི་མཁའ་དམག་གནམ་གྲུ་(P)་རྟགས་ཅན་༨་དང་། དམག་གྲུ་འགྲེམས་འཇོག་བྱ་རྒྱུ་སོགས་བདེ་འཇགས་སྲུང་སྐྱོབ་ཐད་གྲོས་མཐུན་བྱུང་ཡོད་པ་དང་། དེ་བཞིན་དྲ་རྒྱའི་བདེ་འཇགས་ཐད་མཉམ་འབྲེལ་གོང་འཕེལ་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎