བཀའ་བློན་ཁྲི་པ་མཆོག་རྡོ་རྗེ་གདན་དང་ལཀ་ནའུ་ལ་ཕེབས་རྒྱུ།
2010.12.04
༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་ཕྱི་ཟླ་༡༢ཚེས་༦ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་ཐོན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་ཕྱི་ཚེས་༧ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་ཅིང་ ཕྱི་ཚེས་༨ཉིན་དེ་ཕྱོགས་སུ་ཀརྨ་པ་སྐུ་འཕྲེང་དང་པོ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ཏེ་མི་ལོ་༩༠༠ཧྲིལ་པོར་འཁོར་བའི་ལོ་གཅིག་རིང་དུས་ཆེན་སྲུང་བརྩིའི་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཇི་ལྟར་གདན་ཞུ་ཕུལ་དོན་ལྟར་མཛད་སྒོའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག
ཡང་ཉིན་དེར་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་དབང་ཀརྨ་པ་དབུ་ཞུགས་ཐོག་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཡང་དབུ་འཛུགས་གནང་རྒྱུ་ཡིན་པ་དང་ ཀརྨ་པ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ཏེ་ལོ་ངོ་དགུ་རྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བའི་དབུ་འབྱེད་ཀྱི་མཛད་སྒོ་དེ་བཙན་བྱོལ་བོད་གཞུང་གི་དྲ་རྒྱ་www.tibet.netཐོག་ཐད་ཀར་རྒྱང་སྲིང་གནང་རྒྱུ་ཡིན་པ་རེད།
དེ་རྗེས་ཕྱི་ཟླ་༡༢ཚེས་༡༠དང་༡༡ཉིན་གྲངས་གཉིས་རིང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་ལཀ་ནའུ་རུ་ཆིབས་བསྒྱུར་ཞབས་སོར་འཁོད་སྐབས་བཀའ་བློན་ཁྲི་པ་རིན་པོ་ཆེ་ཡང་ལྷན་བཅར་ཞུ་རྒྱུ་ཡིན་འདུག་ཅིང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལཀ་ནའོ་རུ་རྟེན་གཞི་བྱེད་པའི་རྒྱ་གར་ནང་པའི་ཆོས་ཚོགས་ནས་གདན་ཞུ་གསོལ་འདེབས་ཞུས་པ་ཞིག་ཡིན་འདུག་ཅིང་ཕྱི་ཚེས་༡༠ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེང་དུས་འཛམ་གླིང་གི་གནས་བབས་དང་ནང་ཆོས་ཀྱི་འབྲེལ་བའི་བརྗོད་གཞིའི་ཐོག་ཉིན་གཅིག་རིང་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་རྒྱུ་ཡིན་འདུག དེ་ནས་ཕྱི་ཚེས་༡༡ཉིན་ལཀ་ནའོ་གྲོང་ཁྱེར་ནང་ཚུགས་རྒྱུའི་འཛམ་གླིང་ནང་གི་ཆེས་མཐོའི་ཁྲིམས་ཁང་ཁག་གི་ཁྲིམས་ཞིབ་པ་ཆེ་བའི་རྒྱལ་སྤྱིའི་ཚོགས་འདུའི་དབུ་འབྱེད་ཀྱང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནང་རྒྱུ་ཡིན་པ་རེད།།