བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལྡི་ལིར་ཚོགས་འདུར་ཆེད་ཕེབས།
2009.08.19
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཟླ་བ་འདིའི་ཚེསཉི་ཤུ་བཞི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་རྒྱལ་སྤྱིའི་ལྟེ་གནས་ཁང་ནང་ཨ་མི་རི་ཀའི་ནང་ལ་གནས་བཞིན་པའི་རྒྱ་ནག་གི་མཁས་དབང་ཁག་ཅིག་དང་ལྷན་ཅིག་ཏུ་མཇལ་མོལ་གནང་རྒྱུའི་མཛད་འཆར་ཡོད་པ་བཙན་བྱོལ་བོད་གཞུང་གི་གནས་འཕྲིན་དྲ་རྒྱའི་ཐོག་ལ་དེ་རིང་གནས་ཚུལ་སྤེལ་ཡོད་པ་རེད།
ཟླ་བ་འདིའི་ཚེས་ཉི་ཤུ་གཉིས་དང་ཉི་ཤུ་གསུམ་ཉིན་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་གར་གྱི་བྱང་ཕྱོགས་པུ་པི་མངའ་སྡེའི་རྒྱལ་ས་ལུཀི་ནོ་ནང་ཀུ་མ་རི་སུ་ལྦ་མིའི་སྲོལ་རྒྱུན་ཞིབ་འཇུག་ལྟེ་གནས་ཞེས་པའི་སྒྲིག་འཛུགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐོག་ཏུ་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད། གོ་སྐབས་དེ་དང་སྟབས་བསྟུན་གྱིས་བཀའ་བློན་ཁྲི་པ་མཆོག་གིས་ཀུ་མ་རི་སུ་ལྦ་མིའི་སྲོལ་རྒྱུན་ཞིབ་འཇུག་ལྟེ་གནས་ཁང་གི་རྩོམ་བྲིས་པའི་ཚོགས་འདུར་དབུ་བཞུགས་གནང་རྒྱུ་ཡིན་པ་རེད། རྒྱ་གར་གྱི་རྒྱལ་སའི་ནང་རྒྱ་ནག་གི་མཁས་དབང་ཁག་དང་ལྷན་དུ་མཇལ་མོལ་གནང་བའི་ཞོར་དུ་རྒྱ་གར་གཞུང་གི་མཛད་གཙོ་རྣམ་པ་ཚོ་དང་མཇལ་མོལ་གནང་རྒྱུའི་མཛད་འཆར་ཡོད་པ་རེད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཡུ་པི་མངའ་སྡེའི་གྲོང་ཁྱེར་ལཀི་ནོ་ནང་གི་མཛད་འཆར་ཁག་ནང་མཉམ་ཞུགས་གནང་རྒྱུའི་ཆེད་དུ་བཀའ་བློན་ཁྲི་པ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལ་ནས་ཟླ་བ་འདིའི་ཚེས་ཉི་ཤུ་གཅིག་ཉིན་ཕེབས་ཐོན་གནང་ཐོག་ཚེས་ཉི་ཤུ་བརྒྱད་ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་རེད།