བོད་གཞུང་བཀའ་བློན་ཁྲི་པ་མཆོག་གཞུང་འབྲེལ་ཕྱོགས་ཕེབས།
2009.07.29
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ཟླ་བརྒྱད་པའི་ཚེས་བཞི་ནས་དགུ་བར་སུད་སི་ཁུལ་གཞུང་འབྲེལ་ཕྱོགས་སྐྱོད་གནང་ཕྱིར་རེས་གཟའ་སྤེན་པ་ཕྱི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་ཐོན་གནང་རྒྱུ་ཡིན་སྐོར་བཀའ་དྲུང་ཡིག་ཚང་གིས་གསུངས་འདུག
ཕྱི་ཟླ་བརྒྱད་པའི་ཚེས་བཞི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སི་གནས་འཁོད་བོད་མི་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ལུ་སའན་ས་གནས་སུ་གསུང་ཆོས་གནང་གྲུབ་པའི་རྗེས་སུ་ཡུ་རོབ་རྒྱལ་ཁབ་ཁག་ནང་གནས་སྡོད་བོད་མི་ཚོར་བཀའ་བློན་ཁྲི་པ་མཆོག་གིས་གསུངས་བཤད་གནང་རྒྱུ་ཡིན་པ་རེད།
དེ་ནས་ཕྱི་ཟླ་བརྒྱད་པའི་ཚེས་དྲུག་ཉིན་ཁུལ་དེའི་བོད་རིགས་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎ་ཌལ་རྟེན་གསུམ་བསྟར་འབུལ་ཞུ་རྒྱུ་ཡིན་པའི་ཐོག་བཀའ་བློན་ཁྲི་པ་མཆོག་གིས་མཎ་ཌལ་ལྗགས་བཤད་གནང་རྒྱུ་ཡིན་པ་རེད།
དེ་དང་ཕྱོགས་མཚུངས་སུད་སི་གྲོང་ཁྱེར་ཇི་ནི་ལྦའི་ནང་ཕྱི་ཟླ་བརྒྱད་པའི་ཚེས་དྲུག་ནས་བརྒྱད་བར་རྒྱ་ནག་དང་བོད་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་གནང་འཆར་ཡོད་པ་དེའི་ཐོག་བཀའ་བློན་ཁྲི་པ་མཆོག་མཉམ་ཞུགས་གནང་རྒྱུ་ཡིན་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཁྲི་རྣམ་གཉིས་ཀྱིས་ལྷན་ཚོགས་དེའི་དབུ་འབྱེད་མཛད་སྒོའི་ཐོག་བཀའ་སློབ་གསུངས་བཤད་གནང་རྒྱུ་ཡིན་འདུག
དེ་ནས་ཕྱི་ཟླ་བརྒྱད་པའི་ཚེས་དགུ་ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་སུད་སི་བོད་རིགས་གསར་འཕྲིན་གྱི་ཚོགས་མི་ཚོས་གོ་སྒྲིག་གནང་རྒྱུའི་གྲོས་མོལ་ཟབ་སྦྱོང་ཐོག་གསུངས་བཤད་གནང་རྒྱུའི་མཛད་འཆར་རིམ་པ་ཡོད་པའི་གནས་ཚུལ་ཐོན་འདུག།