བཀའ་བློན་ཁྲི་པ་མཆོག་སུད་སི་དང་ཨརིར་ཕྱིར་ཕེབས་གནང་རྒྱུ།

བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སུད་སི་དང་ཨ་མི་རི་ཀར་གཞུང་འབྲེལ་མཛད་འཕྲིན་སྐྱོང་ཆེད་ཕྱིར་ཕེབས་གནང་རྒྱུ།

2008.10.05

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སུད་སི་དང་ཨ་མི་རི་ཀར་གཞུང་འབྲེལ་མཛད་འཕྲིན་སྐྱོང་གནང་ཕྱིར་ཟླ་བ་འདིའི་ཚེས་བརྒྱད་གཟའ་ལྷག་པའི་ཉིན་བཞུགས་སྒར་ནས་ཕྱིར་ཕེབས་གནང་རྒྱུ་ཡིན་པའི་སྐོར་བཙན་བྱོལ་བོད་གཞུང་གི་གནས་འཕྲིན་དྲ་རྒྱའི་ཐོག་ལ་ཁད་ཉིན་གནས་ཚུལ་ཐོན་ཡོད་པ་རེད་

བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐོག་མར་ཟླ་བ་འདིའི་ཚེས་བཅུ་གཅིག་ནས་བཅུ་གཉིས་བར་ཉི་མ་གཉིས་རིང་སུད་སིའི་གྲོང་ཁྱེར་སྦ་སེལ་ནང་སྐོང་ཚོགས་གནང་གཏན་འཁེལ་བའི་ཡུ་རོབ་ཁུལ་གྱི་བཙན་བྱོལ་བོད་མིའི་ཚོགས་ཆེན་ཐེངས་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་ཚོགས་ཆེན་དེའི་རྩ་དོན་ངོ་སྤྲོད་ཀྱི་གསུང་བཤད་གཙོ་བོ་གནང་རྒྱུ་ཞལ་བཞེས་གནང་ཡོད་པ་རེད་

ཡང་ཨ་མི་རི་ཀའི་ནུབ་ཕྱོགས་ཀེ་ལི་ཕོ་ནི་ཡའི་གྲོང་ཁྱེར་པོ་མོ་ན་ཟེར་བའི་ནང་རྟེན་གཞི་བྱས་པའི་ཆེས་མཐོའི་འཕྲུལ་རིག་སློབ་གྲ་ཆེན་མོས་རྒྱ་གར་གྱི་མེས་པོ་དམ་པ་གན་རྡིའི་འཚེ་མེད་ཞི་བའི་འབཞེད་སྲོལ་ཐད་ཟླ་བ་འདིའི་ཚེས་བཅུ་བདུན་ནས་བཅུ་དགུ་བར་ཉི་མ་གསུམ་རིང་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་ཆེན་ཞིག་གོ་སྒྲིགས་ཞུ་རྒྱུའི་འཆར་གཞི་གཞིར་བཟུང་ཚོགས་ཆེན་དེའི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་གནང་རོགས་གནང་ཞེས་གསོལ་འདེབས་ཞུས་པ་བཞིན་བཙན་བྱོལ་བོད་གཞུང་གི་བཀའ་བློ་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་འཚེ་མེད་ཞི་བར་བརྟེན་པའི་རྒྱ་གར་གྱི་རང་བཙན་ཞེས་པའི་བཞེད་སྲོལ་དེ་བཞིན་དེང་སྐབས་ཀྱི་འཛམ་གླིང་ནང་ལའང་སྐབས་དོན་དང་འབྲེལ་བ་ཡོད་པའི་གླེང་གཞིའི་ཐད་གསུང་བཤད་སྙིང་པོ་གནང་རྒྱུ་ཞལ་བཞེས་གནང་ཡོད་པ་རེད་ དེ་ནས་ཟླ་བ་འདིའི་ཚེས་ཉི་ཤུའི་ཉིན་ཀེ་ལི་ཕོ་ནི་ཡའི་ཆེས་མཐོའི་གཙུག་ལག་སློབ་གྲའི་ནང་ཆོས་སྡེ་ཚན་གྱིས་ཇི་ལྟར་སྐྱབས་འཇུག་ཞུས་དོན་བཞིན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་མ་འོངས་པའི་གནད་དོན་ཐད་གསུང་བཤད་བསྩལ་གནང་མཛད་རྒྱུ་དང་ཡང་སིཔེན་ནང་རྟེན་གཞི་བྱས་པའི་རིག་གཞུང་དང་ཚན་རིག་ཞིབ་འཇུག་ཁང་གིས་ཀྱང་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཟླ་བ་འདིའི་ཚེས་ཉི་ཤུ་ལྔའི་ཉིན་རྒྱ་གར་གྱི་རྒྱལ་སའི་ནང་བོད་ཀྱི་ཆོས་དང་རིག་གཞུང་སྐོར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གཙོ་བོ་གནང་རྗེས་ཟླ་བ་འདིའི་ཚེས་ཉི་ཤུ་དྲུག་ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎