བོད་དོན་འཐབ་རྩོད་དེ་བདེན་པ་དང་འཚེ་བ་མེད་པར་གཞི་བཅོལ་དགོས། ཟམ་གདོང་རིན་པོ་ཆེ་ཡིས།

2023.11.13
བོད་དོན་འཐབ་རྩོད་དེ་བདེན་པ་དང་འཚེ་བ་མེད་པར་གཞི་བཅོལ་དགོས། ཟམ་གདོང་རིན་པོ་ཆེ་ཡིས། ཟམ་གདོང་རིན་པོ་ཆེ་ཡིས་དང་བླངས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ཚོགས་ཞུགས་པ་ཚོར་བཀའ་སློབ་གནང་སྐབས། ༡༡།༡༣།༢༠༢༣
བསྟན་འཛིན་དོན་ཡོད། /RFA Dhasa

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་གནང་སྟེ་བཞུགས་སྒར་དུ། སྤྱི་ཟླ་༡༡པའི་ཚེས་༡༣ནས་༡༥བར། རྒྱ་གར་ནང་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ཚོགས་འདུ་དང་ཟབ་སྦྱོང་ཞིག་གནང་བཞིན་པའི་དབུ་འབྱེད་མཛད་སྒོར། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཆེད་ཕེབས་ཀྱིས། སྤྱི་ནོར་༧གོང་ས་མཆོག་གིས་བོད་ཀྱི་གནད་དོན་འགྲིགས་འཇགས་ཡོང་བར། བདེན་པ་དང་འཚེ་བ་མེད་པ་གཉིས་ཀྱི་གཞི་རྟེན་གྱི་ཐོག་ནས་གསུངས་ཡོད་པ་དང་། བོད་དོན་འཐབ་རྩོད་དེ་ག་དུས་ཡིན་ན་བདེན་པ་དང་འཚེ་བ་མེད་པར་གཞི་བཅོལ་དགོས་པའི་སྐོར་ལམ་སྟོན་གནང་སོང་།
ཡང་སྐུ་མགྲོན་དུ་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ཀིར་ཤིན་ཀ་པུར་ལགས་ཀྱང་ཆེད་དུ་གདན་འདྲེན་ཞུས་འདུག་པས། ཁོང་གིས། ཁྱེད་ཚོའི་སྤོ་བོ་རྨོ་མོ་རྣམས་ནས་བཟུང་བཙན་བྱོལ་དུ་བཞུགས་ཏེ་བོད་དོན་འཐབ་རྩོད་ཀྱིས་དཀའ་སྡུག་མྱངས་ཡོད་པ་དང་། ད་ཆ་ཁྱེད་ཚོ་མི་ཐོག་གསུམ་པ་རྣམས་ཀྱིས་འགན་ཁུར་བླངས་ཏེ་བོད་དོན་འཐབ་རྩོད་གནང་གི་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོས་ཀྱང་བོད་ལ་རང་དབང་འཐོབ་པར་ཐུགས་རེ་ཆེན་པོ་གནང་གི་ཡོད་པས། ཁོ་རང་གིས་རིམ་པས་བོད་དོན་བདེན་མཐའ་གསལ་ངེས་ཀྱི་ཡིད་ཆེས་གནང་གི་ཡོད་ཅེས་གསུངས་སོང་།
ཚོགས་འདུ་གོ་སྒྲིག་པ་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་ནས། ད་རེས་ཟབ་སྦྱོང་དང་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་ནང་མ་འོངས་པར་བོད་དོན་ཞུ་གཏུག་གནང་སྟངས་ཐོག་གོ་བསྡུར་དང་། ཁོང་ཚོའི་མ་འོངས་ལས་འགུལ་དངོས་གཞི་བང་རིམ་བསྒྲིག་རྒྱུ་སོགས་ཀྱི་ཆེད་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་ནམ་རྒྱུན་རྒྱ་གར་ནང་བོད་དོན་ཞུ་གཏུག་གི་ཆེད་སྐོར་བསྐྱོད་ལས་འགུལ་ཐེངས་མང་སྤེལ་མྱོང་བ་ཚེ་རིང་ཡེ་ཤེས་ལགས་ནས། ཁོ་རང་གི་དམིགས་ཡུལ་གཙོ་བོ་སོ་སོ་ལ་སློབ་སྦྱོང་གསར་པ་འཐོབ་ཆེད་དང་། གཞོན་སྐྱེས་ཚོར་ཟབ་སྦྱོང་འདི་གནང་བ་ཧ་ཅང་ཕན་ཐོགས་ཆེན་པོ་མཐོང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་པོཎ་ཊ་གཞིས་ཆགས་ནས་ཡིན་པ་ཀུན་དགའ་བསྟན་སྒྲོན་ལགས་ནས། རྒྱ་གར་གཞུང་འཛིན་མི་སྣ་ལ་བོད་དོན་ཞུ་གཏུག་ཙམ་མ་ཟད། རྒྱ་གར་མི་མང་ལ་བོད་དོན་གོ་རྟོགས་སྤེལ་ཐུབ་རྒྱུ་གལ་ཆེན་དུ་མཐོང་གི་ཡོད། གཞུང་ནི་ལོ་ལྔ་རེའི་ནང་འགྱུར་བ་ཐེབས་ཀྱི་ཡོད་ནའང་མི་མང་ལ་འགྱུར་བ་མི་འགྲོ་བར་བརྟན་པོར་གནས་ཐུབ་པ་འགྲེལ་བརྗོད་གནང་གི་འདུག

Vtag-13NOV2023-Pic5.jpg
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་གི་ཟབ་སྦྱོང་དང་ཚོགས་འདུ་འདི་ལ་རྒྱ་གར་ནང་གི་ས་གནས་ཁག་བཅུ་ནས་བོད་མི་གཞོན་སྐྱེས་༣༥ཆེད་བཅར་གནང་ཡོད་པ་དང་། བོད་དོན་དང་བླངས་ཞུ་གཏུག་གི་ཟབ་སྦྱོང་ཚོགས་འདུ་དེ་འདྲ་བོད་མིའི་སྒྲིག་འཛུགས་ཀྱིས་ཉེ་སྔོན་ཡོ་རོབ་ནང་འཚོགས་ཡོད་པ་དང་འདྲ་བར། རིང་མིན་ཨོསི་ཊརེ་ལི་ཡའི་(Australia)་ནང་དུའང་ཟབ་སྦྱོང་གནང་འཆར་ཡོད་འདུག


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎