རྒྱ་ནག་དེ་བཞིན་བཟང་སྤྱོད་ཀྱང་དགོས་རྒྱུ་གལ་ཆེ་བའི་བཀའ།
2011.11.25
༄༅༎བཀའ་བློན་ཁྲི་པ་མཆོག་གིས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཤིག་ཏུ་གྱུར་བར་དཔལ་འབྱོར་གཅིག་པུ་མ་ཡིན་པར་བཟང་སྤྱོད་ཀྱང་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་དེང་སང་ཡུ་རོབ་ཡུལ་གྲུ་ཁག་ལ་འཚམས་འདྲི་གཟིགས་བསྐོར་གནང་བཞིན་ཡོད་པ་ལྟར། ཐོག་མར་སུད་སི་དང་དེ་ནས་འཇར་མན་ཁུལ་ཕེབས་ཡོད་པ་དང་ཡུལ་གྲུ་དེ་དག་ནང་བོད་མི་ཚོ་མཇལ་འཕྲད་གནང་བ་ཙམ་དུ་མ་ཟད་གྲོས་ཚོགས་འཐུས་མི་དང་། གནད་ཡོད་མི་སྣ་མང་པོ་ཞིག་དང་ཡང་མཇལ་འཕྲད་གནང་ནས་བོད་དོན་གླེང་སློང་གནང་ཡོད་པ་རེད། ཡང་སུད་སི་དོན་གཅོད་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། བཀའ་བློན་ཁྲི་པ་མཆོག་ནས་ཌོཆ་ལྦེ་ལེ་ཞེས་པའི་གསར་འགྱུར་བརྒྱུད་ལམ་ནས་བཅར་འདྲི་དང་ལན་ཞུས་པའི་སྐབས། བོད་ནང་ཉེ་བའི་ཆར་ནས་བཟུང་བོད་མི་གཞོན་སྐྱེས་སྐྱ་སེར་བཅུ་ཕྲག་གཅིག་ལྷག་ཙམ་ནས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དེ་ནི་ཁོང་ཚོ་རྒྱ་ནག་གཞུང་གི་དྲག་གནོན་འོག་འ་ཆད་འུ་ཐུག་ནས་བྱེད་པའི་ལས་འགུལ་ཞིག་རེད་མ་གཏོགས་ང་ཚོས་འདི་རིགས་བརྒྱུད་སྐུལ་བྱེད་ཀྱི་ཡོད་མ་རེད། ཁོང་ཚོས་རང་གི་སྲོག་གལ་ཆེན་པོ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་རེད་ཅེས་བཀའ་ལན་གནང་འདུག ཡང་བཀའ་བློན་ཁྲི་པ་མཆོག་གིས། ད་ལྟའི་དུས་ཚོད་འདིར་ང་ཚོའི་བོད་པའི་འཐབ་རྩོད་ལས་རྒྱ་ནག་གི་སྟོབས་ཤུགས་རྒྱ་ཆེ་བ་ཞིག་ཡིན་པར་མངོན་ཐུབ་ཀྱི་ཡོད། ཡིན་ནའང་རྒྱལ་སྤྱིའི་ནང་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཤིག་ཏུ་ངོས་འཛིན་དགོས་ཀྱི་ཡོད་པ་ཡིན་ན། དེར་གཞིགས་པས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་གཏོང་བ་དང་དུས་མཚུངས་བཟང་སྤྱོད་ཀྱི་ཐོག་ནས་འགན་འཁུར་ལྡན་པའི་རྒྱལ་ཁབ་ཤིག་ཀྱང་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་རྒྱ་ནག་གཞུང་ནས་ཕན་ཚུན་གཉིས་ཀའི་ཁེ་ཕན་ལ་བསམ་བློ་ནན་པོ་ཞིག་བཏང་བ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ལྟར་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་དཀའ་རྙོག་དེ་སེལ་ཐབས་བྱེད་པ་ཡིན་ན་ཡག་པོ་ཡོད་རེད་ཅེས་གསུངས་ཡོད་འདུག