བཀའ་ཁྲི་མཆོག་ནས་ཁེ་ན་ཌའི་བློན་ཆེན་མཇལ་འཕྲད་གནང༌བ།
2012.04.29
༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་ཁེ་ན་ཌའི་ཕྱི་མི་གཞིས་སྤོ་ལྷན་ཁང་གི་བློན་ཆེན་མཆོག་དང་མཇལ་འཕྲད་གནང་སྟེ།རྒྱ་གར་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་སྐྱབས་བཅོལ་དུ་ལེན་རྒྱུའི་ཞལ་བཞེས་ཐོབ་པའི་ལས་གཞིའི་ཐོག་བཀའ་བསྡུར་གནང་ཡོད་པ་རེད།ཕྱི་ཟླ་བཞི་པའི་ཚེས་༢༦ ནས་༢༩ བར་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ལྦའི་ནང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་ཚོགས་བཞིན་པའི་སྐབས་དང་བསྟུན་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་མཆོག་གིས་ཁེ་ན་ཌའི་ཕྱི་མི་གཞིས་སྤོ་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ཇེ་སེན་ཀེ་ནི་མཆོག་དང་མཇལ་འཕྲད་གནང་སྟེ་བོད་མི་སྐྱབས་བཅོལ་དུ་ལེན་རྒྱུའི་ལས་གཞིའི་ཐོག་བཀའ་བསྡུར་གནང་བ་དང༌། ཉེ་ཆར་ཨ་རིའི་གྲོང་ཁྱེར་ཤི་ཁ་གོ་དུ་འཛམ་གླིང་ནང་མཚན་སྙན་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ལྷན་ཚོགས་དུ་ཚོགས་བཅར་ཞུས་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་འཕྲད་གནང་སྟེ།བཙན་བྱོལ་ནང་གི་དམངས་གཙོའི་འཕེལ་རིམ་དང།བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་གནང་བ་དང༌།ཁོང་རྣམས་ཀྱིས་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་ངེས་པར་ཞི་བའི་གྲོས་མོལ་བྱ་དགོས་པའི་ལངས་ཕྱོགས་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུའི་ཞལ་བཞེས་གནང་བ་མ་ཟད།བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཐབས་ལ་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་རྒྱུ་དང༌། ཁོང་རྣམས་དངོས་སུ་བོད་དང་བཙན་བྱོལ་གྱི་ལྟི་གནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན་པ་གསུང་ཡོད་པ་རེད།།