རྒྱ་གར་གྱི་གཏམ་རྒྱུས་འཁྲབ་སྟོན་དུ་བཀའ་ཁྲི་གདན་ཞུ།
2010.10.13
༄༅༎བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་རྡ་རི་ས་གནས་ཀྱི་རྒྱ་གར་གྱི་ལྷ་རམ་གྱི་གཏམ་རྒྱུས་འཁྲབ་སྟོན་ཚོགས་ཆུང་གིས་གདན་ཞུ་ཕུལ་བ་བཞིན་ཁ་ས་དགོང་དྲོ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྡ་རི་ཐང་ཆེན་དུ་རམ་ལི་ལ་འཁྲབ་སྟོན་ལ་གཟིགས་མོ་གཟིགས་པར་ཕེབས་འདུག།
རྒྱ་གར་གྱི་སྲོལ་རྒྱུན་ནང་ད་ལྟའི་སྐབས་འདིར་ཤ་རརྡ་ནལྦ་རཏ་ར་སི་ཞེས་པའི་ཆོས་ཕྱོགས་ཀྱི་དུས་ཆེན་གལ་ཆེ་ཞིག་འཁེལ་གྱི་ཡོད་པ་དང་སྟབས་བསྟུན། སྔར་གྱི་ལོ་རྒྱུས་ནང་ལྷ་རམ་གྱིས་བདུད་རྒྱལ་ར་ལྦ་ན་ཕམ་ཉེས་བཏང་ནས་རམ་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་ཉིན་མོ་ནས་འགོ་འཛུགས་ཀྱིས་ལྷ་རམ་གྱི་གཏམ་རྒྱུས་འཁྲབ་སྟོན་ཉིན་གྲངས་བཅུ་ལྷག་ཙམ་བྱེད་སྲོལ་ཡོད་པ་རེད།
རྡ་རི་གྲོང་གསེབ་ཀྱི་འགོ་ཁྲིད་འཐུས་མི་དང་ས་གནས་མང་ཚོགས་ཀྱིས་བཀའ་བློན་ཁྲི་པ་མཆོག་ལ་སྣེ་ལེན་ཟབ་རྒྱས་ཞུས་ཡོད་ཅིང༌། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ དམངས་ཁྲོད་ཀྱི་དེང་སང་ཡང་འཁྲབ་སྟོན་བྱེད་བཞིན་པའི་སྔར་གྱི་རྟོགས་བརྗོད་ར་མ་ཡ་ན་དང་མ་ཧ་བ་རཏ་ལྟ་བུ་ནི་རྒྱ་གར་རིག་གཞུང་གི་ཆ་ཤས་གལ་ཆེ་ཞིག་ཡིན་སྟབས། རྒྱ་གར་མང་ཚོགས་ཀྱིས་རྟོགས་བརྗོད་དེ་ཚོར་ངེས་པར་སློབ་སྦྱོང་བྱས་ཏེ་། སྔར་གྱི་སྲོལ་རྒྱུན་དེ་ཚོ་ཤེས་རྟོགས་ཐུབ་པ་དགོས་ཀྱི་རེད་ཅེས་གསུང་འདུག། བཀའ་བློན་ཁྲི་པ་མཆོག་གིས་གསུངས་བཤད་གནང་སྐབས། རྡ་རི་གྲོང་གསེབ་ཀྱི་འགོ་ཁྲིད་ཚོར་འདི་ལོ་ཕྱི་ཟླ་༤།༥པའི་ནང་ཉིན་གཉིས་རིང་ཧི་མ་ཅལ་མངའ་སྡེར་ཐུགས་རྗེ་ཆེ་ཞུའི་དུས་ཆེན་དེ་ རྡ་རི་ཐང་ཆེན་ཐོག་ཚུགས་རྒྱུའི་གོ་སྐབས་གནང་བར་བཀྲིན་ཆེ་ཞེས་གསུངས་གནང་མཛད་ཡོད་པ་མ་ཟད། ཧི་མ་ཅལ་པར་དེཤི་མངའ་སྡེའི་གཞུང་དང་མི་མང་ཚོས་ད་ཕན་བོད་མི་ཚོར་རྒྱབ་སྐྱོར་རོགས་རམ་གནང་བར་ཐུགས་རྗེ་ཞུས་གནང་འདུག། རྡ་རི་གྲོང་གསེབ་ཀྱི་འགོ་ཁྲིད་ནས་བཀའ་བློན་ཁྲི་པ་མཆོག་ལ་གུས་བརྩི་ཆེན་པོའི་སྒོ་ནས་ཕྱག་རྟགས་ཞིག་ཀྱང་ཕུལ་འདུག།