བཀའ་ཁྲི་མཆོག་ནས་ཡོ་རོབ་གཞུང་འབྲེལ་ལས་དོན་ལེགས་གྲུབ།
2011.12.03
༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་ཡོ་རོབ་རྒྱལ་ཁབ་བདུན་ནང་གཞུང་འབྲེལ་ལས་དོན་ཡོངས་སུ་ལེགས་སྒྲུབ་ཀྱིས། རྒྱ་གར་དུ་ཕྱིར་ལོག་ཕེབས་གནང་འདུག
བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཡོ་རོབ་རྒྱལ་ཁབ་སུད་སི་དང་། བེལ་ཇམ། གྲེན་མག ཕ་རན་སི། ཇར་མ་ནི། ནོར་ལྦེ། དབྱིན་ཡུལ་བཅས་ཡུལ་གྲུ་བདུན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་ནས། ཡུལ་གྲུ་དེ་དག་གི་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་བ། གསར་འགོད་པ། ས་གནས་བོད་མི་དང་། དེ་བཞིན་མཁས་དབང་དང་ཉམས་ཞིབ་པ་གཞུང་འབྲེལ་མི་སྣ་སོགས་དང་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་འཕོ་འགྱུར་དང་དབུ་མའི་ལམ་གྱི་སྲིད་བྱུས། ཉེ་ལམ་བོད་ནང་རང་ལུས་མེར་སྲེག་བཏང་བའི་སྐོར་བཀག་ཤག་སྐབས་བཅུ་བཞི་པའི་ཤེས་ཡོན་སྲིད་བྱུས། རང་སྲིད་རང་སྐྱོང་གི་གནས་བབ། དེ་བཞིན་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་སོགས་ཀྱི་སྐོར་གོ་རྟོག་རྒྱ་ཆེ་སྤེལ་གནང་ཡོད་པ་དང་། ལྷག་པར་དུ་ཡོ་རོབ་གྲོས་ཚོགས་ནས་གདན་ཞུ་བཞིན་ཡོ་རོབ་གྲོས་ཚོགས་སུ་གོང་ཞུས་གནང་དོན་སྐོར་གསུངས་བཤད་གནང་བ་དང་འབྲེལ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་པ་ཚོས། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཡང་ཞུས་གནང་ཡོད་པ་དང༌། བཀའ་བློན་ཁྲི་པ་མཆོག་ཡོ་རོབ་ཡུལ་ཁག་ནང་ཕེབས་པའི་རིང་ཡོ་རོབ་ཡུལ་གྲུ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་དང་ལྷག་དོན་གསར་འགྱུར་རྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱས་ཡོད་པ་རེད། བཀའ་བློན་ཁྲི་པ་མཆོག་ཡོ་རོབ་ཡུལ་ཁག་ནང་གི་གཞུང་འབྲེལ་ལས་དོན་ཡོངས་སུ་ལེགས་སྒྲུབ་བྱུང་རྗེས་ཕྱི་ཚེས་༢ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱིར་ལོག་ཕེབས་གནང་འདུག།