བཀའ་ཁྲི་མཆོག་དུས་དབང་ཆེན་དུ་ཆེད་བཅར་ཞུ་རྒྱུ།
2011.07.02
༄༅༎ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཅོམ་ལྡན་འདས་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་གནང་མཛད་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། དེ་བཞིན་འདེམས་ཐོན་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་བཅས་ཀྱང་ཆེད་བཅར་ཞུ་རྒྱུ་ཡིན་པ་རེད།
ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་༧ཚེས་ ༦ སྟེ་ ༸རྒྱལ་བའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་ནས་དབུ་འཛུགས་གནང་སྟེ་ཉིན་གྲངས་བཅུ་གཅིག་རིང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྔོན་འགྲོའི་ས་ཆོག་དང་དུས་དབང་དངོས་གཞི། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་དང༌། མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱའི་བར་བརྟན་པར་ཞུགས་པའི་སླད་དུ་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།
སྐབས་དེར་བརྟན་ཞུགས་ཀྱི་རྡོ་རྗེ་སློབ་དཔོན་དུ་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དཔལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་དང་བཅས་པའི་སྒོ་ནས་མཛད་རྒྱུ་ཡིན་ལ། རྒྱལ་ས་ཝ་ཤིང་ཊོན་དུ་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་ནས་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་མཛད་འགན་དང་སྐུ་དབང་ཡོངས་རྫོགས་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་འཁྲིད་དང་སྒྲིག་འཛུགས་ལ་གསོལ་སྩལ་ཟིན་པའི་བསྒྱུར་ལྡོག་གི་བྱུང་བའི་གནད་དོན་ཁག་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡང་ཡོད་པ་རེད།
དེ་བཞིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་འོས་འདེམས་བཀའ་ཁྲི་བློ་བཟང་སེངྒེ་ལགས་རྣམ་གཉིས་ནས་ཀྱང་མང་ཚོགས་ལ་བཀའ་སློབ་དང་དྲི་བ་དྲི་ལན་གནང་རྒྱུའི་མཛད་འཆར་ཡང་གོ་སྒྲིག་བྱེད་བཞིན་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་ ༧ ཚེས་ ༩ སྔ་དྲོ་ཨ་རིའི་བརྗིད་ཉམས་ལྡན་པའི་གྲོས་ཚོགས་ཀྱི་མདུན་ཐང་དུ་མང་ཚོགས་ཁྲི་ཚོ་བརྒལ་བར་ཞི་བདེའི་བགྲོ་གླེང་བཅས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་ཅིང༌། སྐབས་དེར་ཨ་མེ་རི་ཀའི་རོལ་དབྱངས་གྲགས་ཅན་པ་ཁག་གཅིག་ནས་རོལ་དབྱངས་གཏོང་དཀྲོལ་གནང་རྒྱུ་ཡིན་པ་རེད།
དུས་དབང་དུ་བཅར་མཁན་ཆ་སྙོམས་ཀྱི་ཐོག་ནས་ཕྱི་ཟླ་ ༧ ཚེས་ ༩་སྟེ་སྔོན་འགྲོའི་གསུང་ཆོས་གོང་བར་ཆོས་ཞུ་བ་ ༩༠༠༠ཙམ་བཅར་རྒྱུ་ཡིན་འདུག་པ་དང་། སྔོན་འགྲོའི་གསུང་ཆོས་དབུ་འཛུགས་གནང་སྟེ་ ཕྱི་ཟླ་ ༧ ཚེས་ ༡༦ བར་ ཉིན་ལྟར་ཆ་སྙོམས་ཀྱི་ཐོག་ནས་ཆོས་ཞུ་བ་མི་གྲངས་ཆིག་ཁྲི་ཆིག་སྟོང་ཙམ་བཅར་རྒྱུ་ཡིན་འདུག།